དབྱི་རག་དང་ཨེ་ཅིབ་ཀྱིས་ཅཱ་ཧྲ་ས་ཁུལ་གྱི་མི་ཆོས་རྒུད་སྐྱོབ་བྱེད་ཐབས་ཁྱབ་བསྒྲགས་བྱས།
2024.04.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 16

དབྱི་རག་དང་ཨེ་ཅིབ་ཀྱིས་ཚེས་བདུན་ཉིན་སོ་སོར་བྱེད་ཐབས་སྤྱད་དེ་ཕཱ་ལེ་སི་ཐན་ཅཱ་ཧྲ་ས་ཁུལ་གྱི་ཉིན་རེ་བཞིན་ཛ་དྲག་ཏུ་འགྱུར་བཞིན་པའི་མི་ཆོས་ཉམས་ཉེན་ཞི་འཇགས་སུ་གཏོང་རྒྱུ་ཁྱབ་བསྒྲགས་བྱས།

དབྱི་རག་གི་ཙུང་ལིའི་གསར་འགྱུར་གཞུང་སྒྲུབ་ཁང་གིས་ཚེས་བདུན་ཉིན་གསལ་སྒྲོག་སྤེལ་ཏེ། ཅཱ་ཧྲ་ས་ཁུལ་གྱི་ཕཱ་ལེ་སི་ཐན་གྱི་ཡུལ་གྱར་བའི་མདུན་དུ་ལྷགས་པའི་དཀའ་ཁག་ཞི་འཇགས་སུ་གཏོང་ཆེད། དབྱི་རག་གིས་ཅཱ་ཧྲ་ས་ཁུལ་དུ་འབར་རྫས་ཧྲིན་བྱེ་བ་གཅིག་འདོན་སྤྲོད་བྱེད་རྒྱུ་མ་ཟད། ཅཱ་ཧྲའི་རྨས་མ་དག་དབྱི་རག་ཏུ་ཡོང་ནས་གསོ་བཅོས་བྱེད་པར་དང་ལེན་བྱེད་རྒྱུ་ཡིན་ཟེར།

སྐོར་ཐེངས་གསར་བའི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་བྱུང་བའི་ཚུན་ལ། དབྱི་རག་གིས་ཅཱ་ཧྲ་ས་ཁུལ་དུ་འབར་རྫས་དང་སྨན་བཅོས་མཁོ་དངོས་སོགས་འདུས་པའི་མི་ཆོས་རིང་ལུགས་ཀྱི་རྒུད་སྐྱོབ་དངོས་རྫས་སྐོར་ཐེངས་མང་བོར་འདོན་སྤྲོད་བྱས་ཡོད།

ཨེ་ཅིབ་རྒྱལ་ཁབ་གསར་འགྱུར་ཅུའུ་ཡི་ཅུའུ་ཀྲང་ཏིས་ཡཱ་ལཱ་ཧྲི་ཝན་གྱིས་ཚེས་བདུན་ཉིན་ཁྱབ་བསྒྲགས་བྱས་དོན། ཨེ་ཅིབ་ཀྱིས་ཉིན་དེ་ནས་བཟུང་། ཨེ་ཅིབ་དང་ཅཱ་ཧྲའི་ལྷོ་ཕྱོགས་བར་གྱི་ལཱ་ཧྥ་རྒྱུ་ལམ་བརྒྱུད་དེ་ཅཱ་ཧྲ་ས་ཁུལ་དུ་མི་ཆོས་རྒུད་སྐྱོབ་དངོས་རྫས་སྐྱེལ་འདྲེན་བྱེད་པའི་དངོས་སྐྱེལ་རླངས་འཁོར་གྱི་ཁ་གྲངས་ཇེ་མང་དུ་བཏང་ནས་ཉིན་རེར་རླངས་འཁོར་སུམ་བརྒྱའི་ཡན་ལ་བསླེབས་པར་བྱེད་རྒྱུ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།