མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་བརྒྱད་ཉིན་ཕཱ་ལེ་སི་ཐན་གྱིས་བཏོན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དངོས་གཞིའི་ཁོངས་གཏོགས་རྒྱལ་ཁབ་ཏུ་འགྱུར་བའི་རེ་ཞུར་ཡང་བསྐྱར་གྲོས་ཞིབ་བྱས་པ་དང་། རེ་ཞུ་དེ་ཁོངས་གཏོགས་རྒྱལ་ཁབ་གསར་བ་བསྡུ་ལེན་བྱེད་པའི་ཨུ་ཡོན་ལྷན་ཁང་ལ་སྤྲད་ནས་ཐག་གཅོད་བྱེད་དུ་འཇུག་རྒྱུ་ཐག་བཅད།
བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་བརྒྱད་ཉིན་གྱི་སྔ་དྲོར་ཐོག་མར་ཕཱ་ལེ་སི་ཐན་གྱི་རེ་ཞུ་དེར་གསང་བའི་གྲོས་མོལ་བྱས་པ་དང་། དེའི་རྗེས་སུ་ཡོངས་བསྒྲགས་ཚོགས་འདུ་བསྡུས་ནས། རེ་ཞུ་དེ་ཁོངས་གཏོགས་རྒྱལ་ཁབ་གསར་བ་དང་ལེན་བྱེད་པའི་ཨུ་ཡོན་ལྷན་ཁང་ལ་སྤྲད་ནས་ཐག་གཅོད་བྱེད་དུ་འཇུག་རྒྱུ་ཐག་བཅད། ཨུ་ཡོན་ལྷན་ཁང་དེས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་བཅོ་ལྔས་གྲུབ་ཡོད་པ་དང་། ཚེས་བརྒྱད་ཉིན་གྱི་ཕྱི་དྲོར་གྲོས་ཞིབ་བྱས་ནས་སྡོམ་ཚིག་གྲུབ་རྗེས་བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་སྙན་ཞུ་བྱེད་རྒྱུ་རེད། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་དེའི་རྗེས་སུ་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ལ་གྲོས་གཞི་འདོན་མིན་ཐག་གཅོད་བྱེད་རྒྱུ་རེད།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་ལྟར་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཁོངས་གཏོགས་རྒྱལ་ཁབ་གསར་བ་དང་ལེན་བྱེད་པར་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་མཚམས་སྦྱོར་བྱེད་དགོས་ལ། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱིས་ཆོད་དོན་སྤེལ་དགོས། ཁོངས་གཏོགས་རྒྱལ་ཁབ་གསར་བ་དང་ལེན་བྱེད་པའི་ངོ་བོའི་རང་བཞིན་གྱི་གྲོས་གཞིའི་དབང་གིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་ལ་ཉུང་མཐར་ཡང་ཁོངས་གཏོགས་རྒྱལ་ཁབ་དགུ་ཡིད་འཐད་འབྱུང་བ་དང་རྒྱུན་ལས་ལས་འཛིན་རྒྱལ་ཁབ་ཀྱིས་ངོ་རྒོལ་བྱེད་མི་རུང་། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱིས་བརྡས་གཅོད་བྱེད་པར་ཁོངས་གཏོགས་རྒྱལ་ཁབ་སུམ་ཆའི་གཉིས་ཡིད་འཐད་འབྱུང་དགོས།
མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཕཱ་ལེ་སི་ཐན་གྱི་ལྟ་ཞིབ་པས་ཟླ་བཞི་བའི་ཚེས་གཉིས་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ལ་འཕྲིན་ཡིག་བསྐུར་ཏེ། ཕཱ་ལེ་སི་ཐན་གྱིས་ཉིས་སྟོང་བཅུ་གཅིག་ལོར་བཏོན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དངོས་གཞིའི་ཁོངས་གཏོགས་རྒྱལ་ཁབ་ཏུ་འགྱུར་བའི་རེ་ཞུར་ཡང་བསྐྱར་གྲོས་ཞིབ་བྱེད་དགོས་པའི་རེ་བ་བཏོན། ཀུའུ་ཐི་ལོས་སི་ཡིས་ཚེས་གསུམ་ཉིན་འཕྲིན་ཡིག་དེ་བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་བརྒྱུད་སྤྲོད་བྱས་པ་རེད།
ཕཱ་ལེ་སི་ཐན་གྱིས་ཉིས་སྟོང་བཅུ་གཅིག་ལོའི་ཟླ་དགུ་བར་སྐབས་དེའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་ལ་མཉམ་འབྲེ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཏུ་འགཡུར་བའི་དངོས་གཞིའི་རེ་ཞུ་སྤྲད་ཀྱང་བདེ་འཇགས་ལས་འཛིན་ལྷན་ཚོགས་ནས་གྲོས་འཆམ་མ་བྱུང་། ཉིས་སྟོང་བཅུ་གཉིས་ལོའི་ཟླ་བཅུ་གཅིག་པའི་ཚེས་ཉེར་དགུ་ཉིན། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱིས་གྲོས་ཆོད་བཀོད་དེ་ཕཱ་ལེ་སི་ཐན་རྒྱལ་ཁབ་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྟ་ཞིབ་རྒྱལ་ཁབ་ཀྱི་གོ་གནས་བྱིན་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།