ཡོ་རོབ་གླིང་མནའ་འབྲེལ་གྱིས་ཝུའུ་ཁི་ལན་གྱི་ཞིང་ཞོར་ཐོན་རྫས་ཀྱི་སྒོ་ཁྲལ་མེད་པར་གཏོང་བའི་སྲིད་ཇུས་ཀྱི་ལག་བསྟར་ཡུན་ཚད་ཇེ་རིང་དུ་གཏོང་རྒྱུ་རེད།
2024.04.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 25

ཡོ་རོབ་གླིང་མནའ་འབྲེལ་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་བརྒྱད་ཉིན་གསལ་སྒྲོག་སྤེལ་ཏེ་བསྟན་དོན། ཁོངས་གཏོགས་རྒྱལ་ཁབ་ཀྱི་ཡོ་རོབ་གླིང་མནའ་འབྲེལ་དུ་རྒྱུན་དུ་སྡོད་པའི་འཐུས་མིས་ཡོ་རོབ་གླིང་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་པུ་ལི་ཧྲི་དང་ཡོ་རོབ་གླིང་གྲོས་ཁང་གི་འཐུས་མིས་བཀོད་པའི་གནས་སྐབས་ཀྱི་ཆབ་སྲིད་གྲོས་མཐུན་ལ་རྒྱབ་སྐྱོར་བྱས་པ་དང་། ཝུའུ་ཁི་ལན་གྱི་ཞིང་ཞོར་ཐོན་རྫས་ཐད་ལག་བསྟར་བྱེད་པའི་སྒོ་ཁྲལ་མེད་པར་གཏོང་བའི་སྲིད་ཇུས་ཀྱི་ལག་བསྟར་ཡུན་ཚད་ཡང་བསྐྱར་ལོ་གཅིག་གིས་ཇེ་རིང་དུ་གཏོང་བར་ཡིད་འཐད་བྱུང་ཡོད་ཟེར།

ཡོ་རོབ་གླིང་མནའ་འབྲེལ་ལས་འཛིན་ལྷན་ཚོགས་ཀྱིས་ཉེ་སྔོན་སྤྱི་སྒྲོག་སྤེལ་ཏེ། ཡོ་རོབ་གླིང་མནའ་འབྲེལ་གྱི་ཚོང་ར་དེ་ཆ་ཚང་བར་བལྟས་ཡོད་པ་དང་། ད་ཡོད་ཀྱི་འགན་སྲུང་བྱེད་ཐབས་ལ་ཤུགས་སྣོན་བྱེད་རྒྱུ་ཡིན་ལ། གྲོས་མཐུན་ལས་ད་རུང་ཁོངས་གཏོགས་རྒྱལ་ཁབ་གཅིག་དང་ཡང་ན་མང་བོའི་གནས་ཚུལ་དཔྱད་ཞིབ་ཀྱི་གྲས་སུ་བཞག་ཡོད་པར་མ་ཟད། འགན་སྲུང་རྐྱེན་སྲོལ་གསར་བ་སྤྱོད་རྒྱུ་རེད། གྲོས་མཐུན་ལས་ད་རུང་ཡུག་པོ་དང་མ་རྨོས་ལོ་ཏོག ཕྱི་ཤུན་བླངས་པའི་ལོ་ཏོག སྦྲང་རྩི་བཅས་ཞིང་ཞོར་ཐོན་རྫས་རིགས་སྣ་བཞི་འགན་སྲུང་རྐྱེན་སྲོལ་ནང་གསར་དུ་བཞག་ཡོད་ལ། ཁྱིམ་བྱ་དང་བྱ་སྒོང་། ཀ་ར། ཡུག་པོ། མ་རྨོས་ལོ་ཏོག ཕྱི་ཤུན་བླངས་པའི་ལོ་ཏོག སྦྲང་རྩི་སོགས་ཞིང་ཞོར་ཐོན་རྫས་གཙོ་བོར་རང་འགུལ་འགན་སྲུང་བྱེད་ཐབས་སྤྱོད་རྒྱུ་ཡིན་པ་དང་། གལ་ཏེ་ཞིང་ཞོར་ཐོན་རྫས་དེ་དག་གི་ནང་འདྲེན་འབོར་གྲངས་ཡོ་རོབ་གླིང་མནའ་འབྲེལ་གྱི་ཉིས་སྟོང་ཉེར་གཅིག་ལོའི་ལོ་སྨད་དང་ཉིས་སྟོང་ཉེར་གཉིས་ལོ། ཉིས་སྟོང་ཉེར་གསུམ་ལོ་བཅས་ལ་ཝུའུ་ཁི་ལན་ནས་ནང་འདྲེན་བྱས་པའི་ཆ་སྙོམས་ཆུ་ཚད་ལས་མཐོ་ན། ཡོ་རོབ་གླིང་མནའ་འབྲེལ་གྱིས་དེར་སྒོ་ཁྲལ་ཡང་བསྐྱར་བསྡུ་རྒྱུ་རེད། གལ་ཏེ་འགན་སྲུང་རྐྱེན་སྲོལ་དེར་འཕྲད་ན་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཉིན་བཅུ་བཞིའི་ནང་བྱེད་ཐབས་སྤྱོད་རྒྱུ་རེད།

དེ་ལས་གཞན་གྲོས་མཐུན་ལྟར་ན། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་འབྲུ་རིགས་ལ་ཤུགས་སྣོན་བྱེད་རྒྱུ་ཁས་ལེན་བྱས་པ་དང་། ཁྱད་པར་དུ་གྲོའི་ནང་འདྲེན་གྱི་ལྟ་རྟོག་ཚོད་འཛིན་ལ་ཤུགས་སྣོན་བྱས་ཏེ། ཚོང་རར་རྙོག་འཛིང་གི་གནས་ཚུལ་འབྱུང་སྐབས་བྱེད་ཐབས་སྤྱོད་རྒྱུ་རེད།

ཝུའུ་ཁི་ལན་གྱི་ཉམས་ཉེན་ཛ་དྲག་ཏུ་གྱུར་རྗེས། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཝུའུ་ཁི་ལན་ལ་རོགས་སྐྱོར་བྱེད་ཆེད། ཝུའུ་ཁི་ལན་གྱི་ཞིང་ཞོར་ཐོན་རྫས་སྐོར་ཞིག་གི་སྒོ་ཁྲལ་མེད་པར་བཏང་། ཝུའུ་ཁི་ལན་གྱི་ཞིང་ལས་ཐོན་སྐྱེད་མ་རྩ་དེ་ཡོ་རོབ་གླིང་མནའ་འབྲེལ་ལས་དམའ་བ་དང་། ཞིང་ཞོར་ཐོན་རྫས་ཀྱི་སྒོ་ཁྲལ་གཟིགས་སྐྱོང་ལས་བྱུང་བའི་རིན་གོང་ཁྱད་སྟོབས་དབང་གིས་ཧྥ་རན་སི་དང་འཇར་མན། དབྱི་ཐཱ་ལེ་སོགས་རྒྱལ་ཁབ་ཀྱི་ཞིང་ཞོར་ཐོན་རྫས་ཀྱི་ཁེ་སྤོགས་བར་སྟོང་ཇེ་ཆུང་དུ་སོང་བས། དེ་ལས་ཞིང་བའི་ངོ་རྒོལ་བྱ་འགུལ་ཐེངས་མང་བོར་བྱུང་བ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།