ཐུར་ཁེའི་ཉོ་ཚོང་པུའུ་ཡིས་ཚེས་དགུ་ཉིན་དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་རྒྱུ་ཁྱབ་བསྒྲགས་བྱེད་རག་བར་དུ་དབྱི་སི་རལ་དུ་ཕྱིར་གཏོང་བྱེད་པའི་ཧ་ཡངས་དང་རྣོ་ལྕགས་སོགས་ཐོན་རྫས་དང་། ཨར་འདམ། གློག་སྐུད། བཟོ་སྐྲུན་འཕྲུལ་ཆས། བཟོ་སྐྲུན་རྒྱུ་ཆ། རྫས་འགྱུར་ལུད་རྫས་སོགས་བསྡོམས་པས་ཚོང་རྫས་རིགས་སྣ་ང་བཞིར་ཚད་བཀག་བྱེད་ཐབས་ལག་བསྟར་བྱེད་རྒྱུ་ཁྱབ་བསྒྲགས་བྱས།
ཐུར་ཁེའི་ཉོ་ཚོང་པུའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ནས། ཅ་ཧྲ་ས་ཁུལ་གྱི་མི་དམངས་ཀྱིས་ལྟོགས་སྐོམ་དང་དབུལ་ཕོངས་མྱོང་བཞིན་ཡོད་ཅིང་། དེར་ཆེས་གཞི་རྩའི་ཟས་རིགས་དང་སྨན་བཅོས་རོགས་སྐྱོར། དངོས་རྫས་བཅས་ཐོབ་པར་བཀག་རྒྱ་བཟོ་བཞིན་ཡོད། དེའི་ཞོར་དུ་དབྱི་སི་རལ་གྱིས་མུ་མཐུད་དུ་མངོན་སུམ་འཛེམ་མེད་ཀྱིས་རྒྱལ་སྤྱིའི་བཅའ་ཁྲིམས་དང་འགལ་བའི་བྱ་སྤྱོད་སྤེལ་བ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཐེངས་མང་བོར་འཁྲུག་རྩོད་མཚམས་འཇོག་པ་དང་རྒྱུན་ཆད་མེད་པར་མི་ཆོས་རིང་ལུགས་ཀྱི་རྒུད་སྐྱོབ་འདོན་སྤྲོད་བྱེད་དགོས་པའི་འབོད་སྐུལ་བཏང་བ་སྣང་མེད་དུ་བསྐྱུར་བ་རེད། དེ་བས་ཐུར་ཁེ་ཡིས་ཉིས་སྟོང་ཉེར་བཞི་ལོའི་ཟླ་བཞི་བའི་ཚེས་དགུ་ཉིན་ནས་བཟུང་དུས་རིམ་དང་པོའི་ནང་དབྱི་སི་རལ་དུ་ཕྱིར་གཏོང་བྱེད་པའི་ཚོང་རྫས་སྐརོ་ཞིག་ལ་མྱུར་དུ་ཚད་བཀག་བྱེད་རྒྱུ་ཐག་བཅད་པ་ཡིན་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། ཆོད་དོན་དེ་དབྱི་སི་རལ་གྱིས་རྒྱལ་སྤྱིའི་བཅའ་ཁྲིམས་ལས་གཏན་འཁེལ་བྱས་པའི་འོས་འགན་སྒྲོམ་གཞིའི་ནང་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མྱུར་དུ་མཚམས་འཇོག་པ་ཁྱབ་བསྒྲགས་བྱེད་པ་དང་། ཅཱ་ཧྲ་ས་ཁུལ་དུ་འདང་ཚིམས་པའི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་རྒྱུན་ཆད་མེད་པར་འདོན་སྤྲོད་བྱེད་དུ་འཇུག་རག་བར་དུ་ནུས་ལྡན་ཡིན་ཟེར།
བྱེད་ཐབས་དེ་མ་བཏོན་པའི་སྔ་ཉིན། ཐུར་ཁེ་ཡིས་ཅཱ་ཧྲ་ས་ཁུལ་དུ་རྒུད་སྐྱོབ་དངོས་རྫས་བར་སྣང་ནས་གཏོང་འཕེན་བྱེད་པར་དབྱི་སི་རལ་གྱིས་བཀག་འགོག་བྱས་པར་སྐྱོན་འཛུགས་བྱས། ཐུར་ཁེའི་ཕྱི་འབྲེལ་བློན་ཆེན་ཧྥེ་ཏན་གྱིས་དབྱི་སི་རལ་ལ་འཁོན་ལན་སློག་པའི་བྱེད་ཐབས་སྤྱོད་རྒྱུ་མ་ཟད། འགོར་འགྱངས་སྤུ་ཙམ་ཡང་མེད་པར་རིམ་བཞིན་དུ་རོགས་སྐྱོར་བྱེད་ཐབས་དེ་དག་ལག་བསྟར་བྱེད་རྒྱུའི་ཚུལ་བསྟན།
བསོད་ནམས་ཚེ་རིང་གིས་བསྒྱུར།