དབྱི་སི་རལ་གྱི་ཕྱི་འབྲེལ་བློན་ཆེན་ཁཱ་ཚི་ཡིས་ཚེས་དགུ་ཉིན་ཁྱབ་བསྒྲགས་བྱས་དོན། ཐུར་ཁེའི་བཀག་སྡོམ་བྱེད་ཐབས་ལ་ངོ་རྒོལ་བྱེད་ཐབས་སྤྱོད་རྒྱུ་ཡིན་ཟེར།
ཁཱ་ཚི་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱིས་ཐུར་ཁེས་ཕྱོགས་གཅིག་ནས་ཉོ་ཚོང་གྲོས་ཆོད་དང་འགལ་བའི་བྱ་སྤྱོད་སྤེལ་བར་ཀུ་ཡངས་གཏོང་མི་སྲིད་ལ། ཐུར་ཁེ་ལ་དེ་མཚུངས་ཀྱི་ངོ་རྒོལ་བྱེད་ཐབས་ལག་བསྟར་བྱེད་རྒྱུ་ཡིན་ཟེར།
ཐུར་ཁེའི་ཉོ་ཚོང་པུའུ་ཡིས་ཚེས་དགུ་ཉིན་གསལ་སྒྲོག་ཅིག་ལས་བཤད་རྒྱུར། ཐུར་ཁེ་ཕྱོགས་ཀྱིས་ཉིན་དེ་ནས་བཟུང་དབྱི་སི་རལ་བར་གྱི་ཐོན་རྫས་རིགས་སྣ་ང་བཞིའི་ཕྱིར་གཏོང་ལ་ཚོད་འཛིན་བྱེད་རྒྱུ་ཡིན་པ་དང་། དེའི་ནང་ཨར་འདམ་དང་རྣོ་ལྕགས་སོགས་བཟོ་སྐྲུན་རྒྱུ་ཆ་འདུས་ཡོད་ཟེར། གསལ་སྒྲོག་ལས་བཤད་རྒྱུར། ཆོད་དོན་དེ་དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་དུ་འཁྲུག་རྩོད་མཚམས་འཇོག་པ་དང་རྒུད་སྐྱོབ་དངོས་རྫས་ཅཱ་ཧྲ་ས་ཁུལ་དུ་སྐྱེལ་ཆོག་པར་ཁྱབ་བསྒྲགས་བྱེད་རག་བར་ནུས་ལྡན་ཡིན་ཟེར།
དབྱི་སི་རལ་གྱི་སྨྱན་བྱད་ཀྱིས་ཚེས་བརྒྱད་ཉིན་ཐུར་ཁེའི་ཕྱི་འབྲེལ་པུའུ་ཀྲང་ཧྥེ་ཏན་གྱི་སྐད་ཆ་དྲངས་ནས་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱིས་ཐུར་ཁེ་ཡིས་ཅཱ་ཧྲ་ས་ཁུལ་དུ་རྒུད་སྐྱོབ་དངོས་རྫས་བར་སྣང་ནས་གཏོང་འཕེན་བྱེད་པའི་རེ་བ་དང་ལེན་མ་བྱས་པ་དང་། དེའི་ལན་དུ་ཐུར་ཁེ་ཡིས་དབྱི་སི་རལ་ལ་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱེད་རྒྱུ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།