ནེ་ཐཱ་ནི་ཡཱ་ཧུའུ་ཡིས་དབྱི་སི་རལ་གྱི་དམག་དཔུང་གིས་མུ་མཐུད་དུ་ལཱ་ཧྥ་རུ་དམག་དོན་འགུལ་སྐྱོད་སྤེལ་རྒྱུའི་ཚུལ་བསྟན།
2024.04.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 25

དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཚེས་དགུ་ཉིན་བསྐྱར་སྒྲོག་བྱས་དོན། དབྱི་སི་རལ་གྱི་དམག་དཔུང་གིས་མུ་མཐུད་དུ་ཅཱ་ཧྲའི་ལྷོ་ཕྱོགས་ཀྱི་ལཱ་ཧྥ་གྲོང་ཁྱེར་དུ་དམག་དོན་འགུལ་སྐྱོད་སྤེལ་རྒྱུ་ཡིན་ཟེར།

ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཚེས་དགུ་ཉིན་ཐི་ལཱ་ཝེ་ཧྥུའུ་ཉེ་འདབས་ཀྱི་དམག་དོན་རྟེན་གཞི་ཞིག་ནས་བསྟན་དོན། དབྱི་སི་རལ་གྱི་དམག་དཔུང་གིས་ལཱ་ཧྥ་ཡི་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིར་དཔུང་འཇུག་བྱས་ནས། ཧཱ་མཱ་སིའི་ལཱ་ཧྥ་རུ་ཡོད་པའི་སྒར་ས་འགའ་རྩ་མེད་དུ་གཏོང་རྒྱུ་ཡིན་ཟེར། ཁོས་བཤད་རྒྱུར། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཧུར་ཐག་སྒོས་དབྱི་སི་རལ་གྱིས་ལཱ་ཧྥ་རུ་དམག་དོན་འགུལ་སྐྱོད་སྤེལ་བར་བཀག་འགོག་བྱེད་བཞིན་ཡོད་ཀྱང་། ང་ཚོར་བཀག་འགོག་བྱེད་པའི་སྟོབས་ཤུགས་གང་ཡང་ཡོད་མི་སྲིད་ཟེར།

གཞན་ཡང་དབྱི་སི་རལ་གྱི་སྐབས་དོན་ཚགས་པར་གྱིས་བསྒྲགས་པ་ལྟར་ན། ལཱ་ཧྥ་རུ་དཔུང་འཇུག་བྱེད་པའི་གྲ་སྒྲིག་བྱ་བ་ཞིག་ཡིན་པའི་ཆ་ནས། དབྱི་སི་རལ་གྱིས་རས་གུར་འབུམ་བཞི་ཉོས་ནས་ལཱ་ཧྥ་ཡི་ཕཱ་ལེ་སི་ཐན་གྱི་ཉེན་ཡོལ་མཁན་གནས་གཞན་དུ་སྤོ་བའི་ཐད་བཀོལ་རྒྱུ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།