དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་ཚེས་བཅུ་ཉིན་བསྒྲགས་པ་ལྟར་ན། དབྱི་ལིང་གི་ཆེས་མཐོའི་གཙོ་འཛིན་ཧཱ་མཱེ་ནེ་དབྱེ་ཡིས་ཉིན་དེར་བསྟན་དོན། དབྱི་སི་རལ་གྱིས་སི་རི་ཡཱ་རུ་སྡོད་པའི་དབྱི་ལིང་གི་གཞུང་ཚབ་ཁང་ལ་འཇབ་རྒོལ་བྱས་པ་ནི་ནོར་འཆུག་གི་བྱ་སྤྱོད་ཅིག་ཡིན་པ་དང་། དབྱི་སི་རལ་ལ་དོན་དེའི་དབང་གིས་ཆད་གཅོད་ཐེབས་སྲིད་སྲིད་ཟེར།
ཧཱ་མཱེ་ནེ་དབྱེ་ཡིས་ཉིན་དེར་ཏི་ཧེ་ལན་ནས་གཏམ་བཤད་སྤེལ་ཏེ། རྒྱལ་ཁབ་གང་རུང་གི་གཞུང་ཚབ་ཁང་དེ་རྒྱལ་ཁབ་དེའི་མངའ་ཁོངས་སུ་རློམ་ཆོག་ལ། ཁོ་ཚོས་ང་ཚོའི་གཞུང་ཚབ་ཁང་ལ་འཇབ་རྒོལ་བྱེད་སྐབས། ཁོ་ཚོས་ང་ཚོའི་མངའ་ཁོངས་སུ་འཇབ་རྒོལ་བྱས་པ་དང་གཅིག་འདྲ་ཡིན། གདུག་རྩུབ་ཆེ་བའི་སྲིད་དབང་གིས་ནོར་འཆུག་རེ་བཟོས་ན། དེར་ཆད་གཅོད་ཐོབ་འོས་ཟེར།
ཧཱ་མཱེ་ནེ་དབྱེ་ཡིས་བཤད་རྒྱུར། ནུབ་ཕྱོགས་རྒྱལ་ཁབ་རེ་འགས་ངག་ཐོག་ནས་ཅཱ་ཧྲ་ས་ཁུལ་གྱི་མི་དམངས་ལ་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན་ཡང་། དོན་དངོས་སུ་ཁོ་ཚོས་དབྱི་སི་རལ་ལ་བཀག་འགོག་བྱེད་མི་ཐུབ་པར་མ་ཟད། དབྱི་སི་རལ་ལ་རོགས་རམ་བྱེད་བཞིན་ཡོད་ལ། ཁྱད་པར་དུ་ཨ་མེ་རི་ཁ་དང་དབྱིན་ཇིའི་སྲིད་གཞུང་དེ་འདྲ་རེད་ཟེར།
དབྱི་སི་རལ་གྱི་ཕྱི་འབྲེལ་བློན་ཆེན་ཁཱ་ཚི་ཡིས་ཚེས་བཅུ་ཉིན་དྲ་ཚིགས་བརྒྱུད་དེ་བཤད་རྒྱུར། གལ་ཏེ་དབྱི་ལིང་གིས་རང་གི་མངའ་ཁོངས་ནས་དབྱི་སི་རལ་ལ་འཇབ་རྒོལ་བྱེད་ན། དབྱི་སི་རལ་གྱིས་དབྱི་ལིང་གི་འཇབ་རྒོལ་དེར་རྒོལ་ལན་སྤྲོད་ངེས་ཡིན་ཟེར།
གཞན་ཡང་དབྱི་སི་རལ་གྱི་སྐབས་དོན་ཚགས་པར་གྱིས་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་རྒྱལ་སྲུང་བློན་ཆེན་ཅཱ་ལན་ཐི་ཡིས་ཚེས་བཅུ་ཉིན་དབྱི་སི་རལ་བྱང་ཕྱོགས་ཀྱི་མཁའ་སྲུང་མ་ལག་དམག་དཔུང་ལ་གཏམ་བཤད་སྤེལ་སྐབས་བཤད་རྒྱུར། དབྱི་སི་རལ་ལ་དམིགས་པའི་དཔུང་འཇུག་གང་རུང་ལ་འགོག་སྲུང་དང་ནུས་ཤུགས་ཆེན་པོས་རྒོལ་ལན་སྤྲོད་ངེས་ཡིན་ཟེར། ཅཱ་ལན་ཐི་ཡིས་བཤད་རྒྱུར། དབྱི་སི་རལ་ལ་འཐབ་ཕྱོགས་མང་བོ་དང་ཁ་ཕྱོགས་མང་བོའི་དཔུང་འཇུག་ཐེབས་བཞིན་ཡོད་པ་དང་། རང་གི་མངའ་ཁོངས་ལ་དཔུང་འཇུག་བྱེད་པའི་དགྲ་ཕྱོགས་གང་རུང་ལ་གཅིག་ཆོད་ཀྱི་དཔུང་འཇུག་འགུལ་སྐྱོད་སྤེལ་ངེས་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།