དར་གོས་ཚོང་ལམ་གྱིས་བློ་སེམས་གཅིག་ཏུ་སྦྲེལ་ཅེས་པའི་མ་འོངས་པར་ཐུགས་ཁུར་བྱེད་པའི་ཞལ་འདེབས་འབུལ་བའི་བྱ་འགུལ་དང་འབར་མའི་ནེ་པུས་ཏུའུ་ཡི་སློབ་འབྲིང་མང་བོར་ལུས་རྩལ་མཁོ་ཆས་ཞལ་འདེབས་སུ་འབུལ་བའི་མཛད་སྒོ་ཚེས་བཅུ་ཉིན་ཀྲུང་གོ་དང་འབར་མའི་མཛའ་མཐུན་སློབ་གྲྭ་སྟེ་ནེ་པུས་ཏུའུ་ཡི་སློབ་འབྲིང་བཅུ་བཞི་བ་ནས་སྤེལ།
ཐེངས་འདིའི་བྱ་འགུལ་ནི་ཀྲུང་གོའི་ཞི་བདེ་འཕེལ་རྒྱས་ཐེབས་རྩ་ཚོགས་པ་དང་འབར་མ་དང་ཀྲུང་གོའི་བརྗེ་རེས་མཉམ་ལས་མཐུན་ཚོགས་ཀྱིས་མཉམ་དུ་སྤེལ་བ་ཡིན་ཞིང་། ནེ་པུས་ཏུའུ་གྲོང་ཁྱེར་སྲིད་ཆབ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་མེན་ཅུན་དང་། འབར་མ་རུ་སྡོད་པའི་ཀྲུང་གོའི་གཞུབ་ཚབ་ཁང་ནེ་པུས་ཏུའུ་འབྲེལ་གཏུག་གཞུང་སྒྲུབ་ཁང་གི་འགན་ཁུར་བ་ཀྲང་ཀྲུང་ཧྭ། འབར་མའི་སློབ་གསོ་པུའུ་དང་དེ་མིན་སྤྱི་ཚོགས་རྩ་འཛུགས་མང་བོའི་འགན་ཁུར་བ། དེ་མིན་ནེ་པུས་ཏུའུ་ཡི་སློབ་གྲྭ་མང་བོ་ནས་ཡོང་བའི་དགེ་སློབ་བཅས་བྱ་འགུལ་ལ་ཞུགས།
ཀྲུང་གོའི་ཞི་བདེ་འཕེལ་རྒྱས་ཐེབས་རྩ་ཚོགས་པའི་འབར་མ་རུ་སྡོད་པའི་དོན་གཅོད་ཁང་གི་ཀྲུའུ་རིན་ཝང་ལེ་ཡིས་མཛད་སྒོའི་སྟེང་ཞུ་ཚིག་ཕུལ་ནས་བསྟན་དོན། ཐེབས་རྩ་ཚོགས་པ་དང་འབར་མའི་སྤྱི་ཚོགས་རྩ་འཛུགས་ཀྱིས་མཉམ་ལས་བྱས་ནས་དར་གོས་ཚོང་ལམ་གྱི་གྲོགས་པོའི་སློབ་གྲྭ་བཅུ་དགུ་འཛུགས་རོགས་བྱས་པ་དང་། ཆུང་ལ་མཛེས་པའི་དམངས་ཕན་སྤྱི་ཕན་ལས་གཞི་སུམ་ཅུ་ལྷག་སྤེལ་བས་འབར་མ་མང་ཚོགས་ཀྱི་དགའ་བསུ་ཐོབ་ཡོད། མ་འོངས་པར་ཐེབས་རྩ་ཚོགས་པས་ཀྲུང་གོ་དང་འབར་མའི་སྤྱི་ཚོགས་རྩ་འཛུགས་བར་མཉམ་ལས་མང་དུ་སྤེལ་ནས་དམངས་ཕན་དངོས་གཉེར་མཉམ་ལས་ལས་གཞི་ལག་བསྟར་བྱས་ནས་ཀྲུང་གོ་དང་འབར་མའི་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་རྒྱུ་ཡིན་ཟེར།
འབར་མ་དང་ཀྲུང་གོའི་བརྗེ་རེས་མཉམ་ལས་མཐུན་ཚོགས་ཀྱི་ལག་བསྟར་ཀྲུའུ་ཞི་ལིས་པའེ་པའོ་ཡིས་བསྟན་དོན། ན་གཞོན་ནི་འབར་མ་དང་ཀྲུང་གོའི་མཛའ་མཐུན་གྱི་མ་འོངས་པ་དང་རེ་བ་ཡིན་ལ། མཐུན་ཚོགས་ཀྱིས་འབར་མ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་ལས་དོན་འཕེལ་རྒྱས་སུ་གཏོང་བར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་འདོད་ཡོད་ཟེར།
ནེ་པུས་ཏུའུ་གྲོང་ཁྱེར་ཆབ་སྲིད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་མེན་ཅུན་གྱིས་བཤད་རྒྱུར། ཞལ་འདེབས་སུ་ཕུལ་བའི་ལུས་རྩལ་མཁོ་དངོས་དེ་འབར་མའི་སློབ་མ་དག་བདེ་ཐང་ངང་འཚར་ལོངས་འབྱུང་བར་རོགས་འདེགས་ཐུབ་པ་དང་། ཞལ་འདེབས་དང་ལེན་བྱས་པའི་སློབ་གྲྭའི་དགེ་རྒན་འཐུས་མིས་བསྟན་དོན། དངོས་པོ་དེ་དག་བེད་སྤྱོད་གང་ལེགས་བྱས་ནས། ན་གཞོན་སྔར་ལས་མང་བོ་འབར་མ་དང་ཀྲུང་གོའི་མཛའ་མཐུན་གྱི་རྒྱུན་འཛིན་མཁན་དུ་འགྱུར་བར་གསོ་སྐྱོང་བྱེད་རྒྱུ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།