པཱ་པཱ་ཏའོ་སི་ཡིས་ཀྲུང་གོ་གཅིག་གི་རྩ་དོན་མཐའ་གཅིག་ཏུ་རྒྱུན་འཁྱོངས་བྱེད་རྒྱུའི་ཚུལ་བསྟན།
2024.04.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 10

པཱ་པཱ་ཏའོ་སིའི་ཙུང་ལི་མའོ་ཐི་ལེ་ཡིས་ཚེས་དགུ་ཉིན་བསྟན་དོན། པཱ་པཱ་ཏའོ་སི་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་མཐའ་གཅིག་ཏུ་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་གོའི་བར་གྱི་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ཇེ་ཟབ་ཏུ་གཏོང་བར་རེ་སྒུག་བྱས་ཡོད་ཟེར།

ཀྲུང་གོའི་རྒྱལ་ཁབ་རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་ཁང་གི་མགོ་བ་ལོ་ཀྲའོ་ཧོས་ཀྱིས་ཉིན་དེར་པུའུ་ལི་ཆི་ཏོན་ནས་མའོ་ཐི་ལེ་ལ་ཐུག་འཕྲད་བྱས། མའོ་ཐི་ལེ་ཡིས་བསྟན་དོན། པཱ་པཱ་ཏའོ་སི་ཡིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་ནི་བློ་གཏད་རུང་བའི་གྲོགས་པོར་རློམ་ཡོད་ལ། ཀྲུང་གོ་ཕྱོགས་ཀྱིས་པཱ་པཱ་ཏའོ་སིའི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་། དམངས་ཀྱི་འཚོ་བ་ལེགས་བཅོས་བྱེད་པའི་ཐད་རོགས་རམ་གང་ལེགས་བྱས་པར་བཀའ་དྲིན་ཞུ་བཞིན་ཡོད། པཱ་པཱ་ཏའོ་སི་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་མཐའ་གཅིག་ཏུ་རྒྱུན་འཁྱོངས་བྱེད་པ་དང་། ཧུར་ཐག་སྒོས་རྒྱུད་གཅིག་ལམ་གཅིག་དང་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་གྲོས་འདོན་ནང་ཞུགས་ཏེ། ཀྲུང་གོའི་འཕེལ་རྒྱས་ཉམས་མྱོང་བཟང་བོ་དཔྱད་གཞིར་བཟུང་ནས་ཀྲུང་གོའི་བར་གྱི་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ཇེ་ཟབ་ཏུ་གཏོང་བར་རེ་བཞིན་ཡོད་པ་དང་། སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཟེར།

ལོ་ཀྲའོ་ཧོས་ཀྱིས་བསྟན་དོན། ཀྲུང་གོ་དང་པཱ་པཱ་ཏའོ་སིའི་བར་འབྲེལ་བ་བཙུགས་ནས་ལོ་ངོ་ཞེ་བདུན་འགོར་བའི་རིང་ལ། ཕྱོགས་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་ཡིད་ཆེས་དང་གཉིས་ཕན་མཉམ་རྒྱལ་རྒྱུན་འཁྱོངས་བྱས་ཤིང་། མཐོ་རིམ་བར་གྱི་འགྲོ་འོང་ཟབ་པ་དང་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། དམངས་ཁྲོད་ཀྱི་འགྲོ་འོང་ཇེ་མང་དུ་སོང་ཡོད། ཀྲུང་གོ་ཕྱོགས་ཀྱིས་པཱ་པཱ་ཏའོ་སིའི་སྲིད་གཞུང་གིས་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་བྱས་པར་གཟེངས་བསྟོད་བྱེད་བཞིན་ཡོད་ཅིང་། པཱ་པཱ་ཏའོ་སི་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་བཀོད་པའི་ཐུན་མོང་ལྟ་ཚུལ་དངོས་འབེབས་བཟང་བོ་བྱེད་པ་དང་། རྨང་གཞིའི་སྒྲིག་ཆས་དང་ཞིང་ལས། ནམ་ཟླའི་འགྱུར་ལྡོག མི་ཤུགས་ཐོན་ཁུངས་གསར་སྤེལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་དེ། སྤུས་ཚད་མཐོ་བའི་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པ་དང་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་གྲོས་འདོན་ལ་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་རྒྱུན་ཆད་མེད་པར་འཕེལ་རྒྱས་འབྱུང་བར་ཡར་སྐུལ་བྱེད་འདོད་ཡོད་ཟེར།

པཱ་པཱ་ཏའོ་སི་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཡན་ཞིག་ཧྲིན་གོང་གི་བྱ་འགུལ་ལ་ཞུགས།

ཉིན་དེར་ལོ་ཀྲའོ་ཧོས་ཀྱིས་པཱ་པཱ་ཏའོ་སིའི་ཕྱི་འབྲེལ་བློན་ཆེན་ཞི་མིན་ཙི་དང་གྲོས་མོལ་བྱས་ཏེ། ཕྱོགས་གཉིས་ཀྱི་འབྲེལ་བ་དང་འབྲེལ་ཡོད་ཁྱབ་ཁོངས་ཀྱི་བྱེ་བྲག་གི་མཉམ་ལས་ཐད་ནས་བསམ་འཆར་བརྗེ་རེས་ཟབ་མོ་བྱས་པར་མ་ཟད་འབྲེལ་ཡོད་མཉམ་ལས་ཡིག་ཆ་བཀོད།


བསོད་ནམས་ཚེ་རིང་གིས་བསྒྱུར།