མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཚེས་དགུ་ཉིན་སྤྱི་སྒྲོག་སྤེལ་ཏེ། གཞི་རྒྱ་ཆེ་བའི་མ་དངུལ་སྐུལ་སློང་ལ་བརྟེན་ནས་མིག་སྔར་འགྲན་རྩོད་ལ་འཕྲད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་མྱུར་སྐྱོབ་བྱེད་དགོས་པ་དང་། མིག་སྔར་ལོ་རེར་མེ་སྒོར་ཁྲག་ཁྲིག་ཆེན་མོ་བཞི་དང་ཁྲག་ཁྲིག་གཉིས་ཀྱི་འཕེལ་རྒྱས་དངུལ་གསོག་གི་ཆད་ཁ་ཁ་གསབ་བྱེད་དགོས་ཟེར།
ཁ་ཡིག་ལ་ཉིས་སྟོང་ཉེར་བཞི་ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་དངུལ་གསོག་སྙན་ཞུ་སྟེ་འཕེལ་རྒྱས་དངུལ་གསོག་དེ་ལམ་གྱི་བཞི་མདོར་གནས་ཞེས་པའི་སྙན་ཞུ་ལས་བསྟན་དོན། ཕྱོགས་གཅིག་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་བྱེད་པར་འཕེལ་རྒྱས་དངུལ་གསོག་གི་ཆད་ཁར་འཕྲད་ཡོད་པ་དང་། ཕྱོགས་གཞན་ཞིག་ནས་ས་ཁུལ་གྱི་ཆབ་སྲིད་ཛ་དྲག་གི་གནས་བབ་ཇེ་སྡུག་ཏུ་སོང་བ་དང་། ནམ་ཟླའི་གནོད་འཚེ་མང་དུ་འབྱུང་བ་དང་འཚོ་བའི་མ་རྩའི་ཉམས་ཉེན་གྱིས་འཛམ་གླིང་ཡོངས་ཀྱི་མང་ཚོགས་དུང་ཕྱུར་བཅུ་ཕྲག་མང་བོར་ཤུགས་རྐྱེན་ཐེབས་ནས། སྨན་བཅོས་དང་སློབ་གསོ། དེ་མིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཕེལ་རྒྱས་དམིགས་འབེན་གཞན་པའི་འཕེལ་རིམ་ལ་བཀག་རྒྱ་བཟོས་ཡོད་ཟེར།
སྙན་ཞུ་ལས་བཤད་རྒྱུར། ཉིས་སྟོང་སུམ་ཅུ་ལོའི་བར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་འབེན་མངོན་འགྱུར་བྱེད་པར་ལོ་ངོ་དྲུག་གི་དུས་ཚོད་མ་གཏོགས་ལྷག་མེད་ཀྱང་། ཐོབ་པར་དཀའ་བའི་འཕེལ་རྒྱས་གྲུབ་འབྲས་ལ་གནོད་པ་ཐེབས་བཞིན་ཡོད། སྣང་ཚུལ་དེ་ཆེས་དབུལ་ཕོངས་ཡིན་པའི་རྒྱལ་ཁབ་ཏུ་ལྷག་ཏུ་འབུར་ཐོན་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཚོད་དཔག་བྱས་དོན། གལ་ཏེ་གནས་བབ་དེ་རྒྱུན་འཁྱོངས་བྱས་ན། ཉིས་སྟོང་སུམ་ཅུ་ལོའི་བར་འཛམ་གླིང་ཡོངས་སུ་མི་དུང་ཕྱུར་དྲུག་གིས་སྔར་བཞིན་ཐལ་དྲགས་པའི་དབུལ་ཕོངས་ཀྱི་གནས་སུ་འཚོ་བ་རོལ་བཞིན་ཡོད་ལ། དེའི་ནང་ཕྱེད་ཀའི་ཡན་ནི་བུད་མེད་ཡིན་སྲིད་ཟེར།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལས་དོན་གྱི་གཙོ་འགན་ཁུར་བའི་དྲུང་ཡིག་ཆེན་མོ་གཞོན་པ་ལིས་ཅུན་ཧྭ་ཡིས་བསྟན་དོན། མི་རྣམས་རྒྱུན་མཐུད་འཕེལ་རྒྱས་ཀྱི་ཉམས་ཉེན་ཅིག་ལ་འཕྲད་ཡོད་པ་དང་། ཉམས་ཉེན་དེ་ནི་འདྲ་མཉམ་མིན་པ་དང་དངུལ་ལོར་ཚད་བརྒལ་འགྲེམ་པ། བུ་ལོན་གནད་དོན། འཁྲུག་རྩོད། ནམ་ཟླའི་གནོད་འཚེ་སོགས་རྒྱུ་རྐྱེན་མང་བོ་ལས་བྱུང་བ་ཡིན་ལ། གནད་དོན་དེ་དག་ཐག་གཅོད་བྱེད་པར་ཐོན་ཁུངས་མང་བོ་གཏོང་དགོས་ཟེར།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་ལས་དྲུང་ཡིག་ཆེན་མོ་གཞོན་པ་མུའུ་ཧན་མའོ་ཏི་ཡིས་རྒྱལ་ཁབ་སོ་སོས་དམ་བཅའ་ལག་བསྟར་བྱས་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་བཏང་། འཛམ་གླིང་ཡོངས་ཀྱི་མཉམ་ལས་དང་དམིགས་སའི་རང་བཞིན་ལྡན་པའི་དངུལ་གསོག་དང་ཆབ་སྲིད་རེ་འདུན་མེད་ན། འཛམ་གླིང་ཡོངས་ཀྱིས་དུས་ལྟར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་བྱེད་ཐབས་མེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།