རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱིས་ཚེས་དགུ་ཉིན་བཤད་རྒྱུར། ཚེས་བཅུ་གཅིག་ཉིན་ཝེ་ནེ་ཡཱ་རུ་ཡོད་པའི་སྤྱི་ཁྱབ་པུའུ་ནས་ལས་ཁུངས་ལས་འཛིན་ལྷན་ཚོགས་ཀྱི་བྲེལ་མྱུར་གྲོས་ཚོགས་བསྡུས་ཏེ། ཉེ་སྔོན་ཀྲ་པའོ་ལོ་རི་ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་འཇབ་རྒོལ་ཐེབས་པའི་དོན་རྐྱེན་ལ་གྲོས་བསྡུར་བྱས།
རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱིས་སྨྱན་བྱད་ལ་སྤེལ་བའི་གསལ་སྒྲོག་ཅིག་ལས་བཤད་རྒྱུར། ཨུ་རུ་སི་དང་ཝུའུ་ཁི་ལན་གྱིས་སྔ་གཞུག་ཏུ་ལས་ཁུངས་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞིར་འཕྲིན་ཡིག་བསྐུར་ནས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་བསྡུ་དགོས་པའི་རེ་བ་བཏོན། ལས་ཁུངས་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞིས་དེའི་དབང་གིས་ཐེངས་འདིའི་གྲོས་ཚོགས་བསྡུས་པ་ཡིན་ཟེར།
རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱིས་ཚེས་དགུ་ཉིན་སྤེལ་བའི་གསལ་སྒྲོག་གཞན་ཞིག་ལས་བཤད་རྒྱུར། ལས་ཁུངས་དེར་ཀྲ་པའོ་ལོ་རི་ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་ལ་ཉིན་དེའི་སྔ་དྲོར་ཡང་བསྐྱར་མི་བསྡད་མེད་པའི་གནམ་གྲུའི་འཇབ་རྒོལ་ཐེབས་པའི་གནས་ཚུལ་འབྱོར་ཡོད་ལ། འཇབ་རྒོལ་དེ་ལས་ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་དེའི་ཉིང་རྡུལ་བདེ་འཇགས་ཐད་འཇིགས་ཉེན་བཟོས་མེད་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། ཀྲ་པའོ་ལོ་རི་ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་སུ་སྡོད་པའི་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་ཆེད་མཁས་པས་ཉིན་དེའི་དུས་ཚོད་བཅུ་གཅིག་དང་སྐར་མ་ལྔའི་སྟེང་མེ་མདའི་སྒྲ་ཐོས་ཐུབ་པ་དང་། དེའི་རྗེས་སུ་འགས་གཏོར་གྱི་སྒྲ་ཆེན་པོ་བྱུང་སོང་ཟེར།
ཀྲ་པའོ་ལོ་རི་ཉི་རྡུལ་ནུས་པའི་གློག་འདོན་ས་ཚིགས་ཀྱིས་དེའི་རྗེས་སུ་བཤད་རྒྱུར། མི་བསྡད་མེད་པའི་གནམ་གྲུ་གཅིག་ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་དེའི་གསོ་སྦྱོང་ལྟེ་གནས་ཀྱི་ཐོག་ཁང་ཀླད་དུ་འགས་གཏོར་བྱུང་བ་རེད་ཟེར། ལས་ཁུངས་ཀྱི་ཆེད་མཁས་པས་འགས་གཏོར་བྱུང་རྗེས་དུས་ཐོག་ཏུ་གསོ་སྦྱོང་ལྟེ་གནས་ཀྱི་ཐོག་ཁང་ཆེན་མོར་སོང་ནས་ཡུལ་དངོས་ཀྱི་གནས་ཚུལ་ལ་དཔྱད་འཇོག་བྱེད་དགོས་པའི་རེ་བ་བཏོན་ཡང་། དམག་དོན་བདེ་འཇགས་གནས་བབ་དབང་གིས་དེར་འགྲོ་མི་ཆོག་པའི་བརྡ་བཏང་བ་རེད།
རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཀི་ལོ་ཞི་ཡིས་གསལ་སྒྲོག་ནང་བཤད་རྒྱུར། དེའི་ལྟག་རྒྱབ་ཀྱི་ངན་སྐུལ་མཁན་སུ་ཡིན་རུང་། ཁོ་ཚོས་ཉེན་ཁ་ཆེན་པོ་བཟོ་བཞིན་ཡོད། ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་ལ་དཔུང་འཇུག་བྱེད་པ་ནི་ཆེས་འགན་མི་ཁུར་བ་དང་ཉེན་ཁའི་བྱ་སྤྱོད་ཅིག་ཡིན་པས་ངེས་པར་དུ་མཚམས་འཇོག་དགོས་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།