རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཀི་ལོ་ཞི་ཡིས་ཚེས་བཅུ་གཅིག་ཉིན་ལས་འཛིན་ལྷན་ཚོགས་ཀྱི་དམིགས་བསལ་གྲོས་ཚོགས་སྟེང་བསྟན་དོན། ཉེ་སྔོན་ཀྲ་པའོ་ལོ་རི་ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་ལ་དམིགས་པའི་མི་བསྡད་མེད་པའི་གནམ་གྲུའི་འཇབ་རྒོལ་དོན་རྐྱེན་རབ་དང་རིམ་པ་ལས་དེར་ཉིང་རྡུལ་ནུས་པའི་དོན་རྐྱེན་འབྱུང་བའི་ཉེན་ཁ་མངོན་གསལ་གྱིས་ཇེ་ཆེར་བཏང་ཡོད་པ་དང་། ཁོས་ཕྱོགས་སོ་སོས་ཚད་ཆེན་པོའི་སྒོ་ནས་དམག་དོན་རང་ཚོད་འཛིན་དགོས་ལ། ལས་ཁུངས་དེའི་ཀྲ་པའོ་ལོ་རི་ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་སྐོར་གྱི་བྱེ་བྲག་གི་རྩ་དོན་ལྔ་བརྩི་སྲུང་གང་ལེགས་བྱེད་དགོས་པའི་འབོད་སྐུལ་བཏང་། ཨུ་རུ་སི་དང་ཝུའུ་ཁི་ལན་གྱིས་རེ་བ་བཏོན་པ་ལྟར། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱིས་ཉིན་དེར་ཝེ་ཡེ་ནཱའི་སྤྱི་ཁྱབ་པུའུ་ནས་ལས་འཛིན་ལྷན་ཚོགས་ཀྱི་དམིགས་བསལ་གྲོས་ཚོགས་བསྡུས་ཏེ། ཀྲ་པའོ་ལོ་རི་ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་ལ་འཇབ་རྒོལ་ཐེབས་པའི་དོན་རྐྱེན་ལ་གྲོས་བསྡུར་བྱས།
ཀི་ལོ་ཞི་ཡིས་གྲོས་ཚོགས་སྟེང་མཚམས་སྦྱོར་རང་བཞིན་གྱི་གཏམ་བཤད་སྤེལ་སྐབས་བསྟན་དོན། ཚེས་བདུན་ཉིན་ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་དེར་མི་བསྡད་མེད་པའི་གནམ་གྲུའི་ཐད་ཀར་འཇབ་རྒོལ་ཐེབས་ནས་འཁོར་ཚན་ཨང་དྲུག་པའི་ཁང་ཀླད་ལ་གཏོར་བརླག་ཐེབས། ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་དེའི་ཉིང་རྡུལ་བདེ་འཇགས་ལ་འཇིགས་ཉེན་བཟོས་མེད་ཀྱང་། དེ་ནི་དོན་རྐྱེན་ཚབས་ཆེན་ཞིག་རེད། ཚེས་དགུ་ཉིན་ཡང་བསྐྱར་ཀྲ་པའོ་ལོ་རི་ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་ལ་མི་བསྡད་མེད་པའི་གནམ་གྲུའི་འཇབ་རྒོལ་ཐེབས་པ་དང་། དོན་རྐྱེན་བཟོ་མཁན་གྱིས་མུ་མཐུད་དུ་རིགས་དེ་མཚུངས་ཀྱི་ཉེན་ཁའི་འཇབ་རྒོལ་སྤེལ་འདོད་པའི་སེམས་འདུན་མངོན་པར་བྱས་ཡོད་ཟེར། ཀི་ལོ་ཞི་ཡིས་ད་རུང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཧུར་ཐག་སྒོས་ཀྲ་པའོ་ལོ་རི་ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་ཀྱི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་དགོས་པའི་འབོད་སྐུལ་བཏང་།
ཀི་ལོ་ཞི་ཚེས་བཅོ་ལྔ་ཉིན་ཨ་མེ་རི་ཁའི་ཉིག་ཡོ་རུ་སོང་ནས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་ཀྲ་པའོ་ལོ་རི་ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་ཀྱི་གནས་ཚུལ་སྙན་ཞུ་བྱེད་རྒྱུ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།