ཨུ་རུ་སི་ཡིས་ཨོ་སི་ཁྲུ་རི་ཡཱའི་ཕྱི་འབྲེལ་མི་སྣ་ཞིག་དགའ་བསུ་མི་བྱེད་པའི་མིར་ཁྱབ་བསྒྲགས་བྱས།
2024.04.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 31

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཚེས་བཅུ་གཅིག་ཉིན་དྲ་ཚིགས་སུ་སྤེལ་བའི་གནས་ཚུལ་ལྟར་ན། ཨུ་རུ་སིའི་ཕྱོགས་ཀྱིས་ཨོ་སི་ཁྲུ་རི་ཡཱའི་ཨུ་རུ་སིར་སྡོད་པའི་གཞུང་ཚབ་ཁང་གི་ཕྱི་འབྲེལ་མི་སྣ་གཅིག་དགའ་བསུ་མི་བྱེད་པའི་མིར་ཁྱབ་བསྒྲགས་བྱས་ཡོད་ཟེར།

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་བསྟན་དོན། ཨོ་སི་ཁྲུ་རི་ཡཱ་ཕྱོགས་ཀྱིས་རྒྱུ་མཚན་ཅི་ཡང་མེད་པར་ཨོ་སི་ཁྲུ་རི་ཡཱ་རུ་སྡོད་པའི་ཨུ་རུ་སིའི་ཕྱི་འབྲེལ་མི་སྣ་གཉིས་དགའ་བསུ་མི་བྱེད་པའི་མིའི་གྲས་སུ་བཞག་པ་རེད། ཨོ་སི་ཁྲུ་རི་ཡཱ་ཕྱོགས་ཀྱི་མཛའ་མཐུན་མིན་པའི་བྱ་སྤྱོད་དེས་སྔར་ལས་ལྷག་པའི་སྒོ་ནས་ཨོ་སི་ཁྲུ་རི་ཡཱ་ཕྱོགས་ཀྱི་གནད་དོན་དབང་གིས་ཚབས་ཆེན་དུ་གྱུར་བའི་ཨུ་རུ་སི་དང་ཨོ་སི་ཁྲུ་རི་ཡཱའི་འབྲེལ་བ་ཇེ་སྡུག་ཏུ་བཏང་བར་མ་ཟད། ཨོ་སི་ཁྲུ་རི་ཡཱ་རང་ངོས་ཀྱི་གཏན་གནས་དེ་དབུས་གནས་རྒྱལ་ཁབ་ཡིན་པ་དང་རྒྱལ་སྤྱིའི་ཕྱི་འབྲེལ་སྟེགས་བུའི་ཟིལ་ཤུགས་ལ་གནོད་པ་ཚབས་ཆེན་བཏང་ཡོད་ཟེར།

དེའི་ལན་དུ་ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཨུ་རུ་སི་རུ་སྡོད་པའི་ཨོ་སི་ཁྲུ་རི་ཡཱའི་གཞུང་ཚབ་ཁང་གི་ཕྱི་འབྲེལ་མི་སྣ་གཅིག་དགའ་བསུ་མི་བྱེད་པའི་མིར་ཁྱབ་བསྒྲགས་བྱས་པ་ཡིན་ལ། མི་དེ་ཟླ་བཞི་བའི་ཚེས་བཅོ་བརྒྱད་ཉིན་གྱི་སྔོན་ལ་ཨུ་རུ་སིའི་མངའ་ཁོངས་དང་འབྲལ་དགོས་པའི་རེ་བ་བཏོན་པར་མ་ཟད། ཨུ་རུ་སིའི་ཕྱོགས་ཀྱི་རྒོལ་ལན་བྱེད་ཐབས་དེ་ཁོ་ན་ཙམ་མིན་པ་ནན་བཤད་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།