ཕུའུ་ཅིན་གྱིས་ཨུ་རུ་སི་ཡིས་ཝུའུ་ཁི་ལན་གནད་དོན་ཐད་ནས་གྲོས་མོལ་བྱེད་འདོད་ཡོད་ཀྱང་དོན་དངོས་དང་མི་མཐུན་པའི་ལངས་ཕྱོགས་ཁ་སྣོན་བྱེད་པ་ཁས་ལེན་བྱེད་མི་འདོད་པའི་ཚུལ་བསྟན།
2024.04.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་བཅུ་གཅིག་ཉིན་བསྟ་དོན། ཨུ་རུ་སི་ཡིས་ཝུའུ་ཁི་ལན་གྱི་གནད་དོན་ཐག་གཅོད་བྱེད་པའི་ཐད་ནས་འཛུགས་སྐྲུན་རང་བཞིན་ལྡན་པའི་གྲོས་མོལ་བྱེད་འདོད་ཡོད་ཀྱང་། དོན་དངོས་དང་མི་མཐུན་པའི་ལངས་ཕྱོགས་ཁ་སྣོན་བྱེད་པ་ཁས་ལེན་བྱེད་འདོད་མེད་ཟེར།

ཕུའུ་ཅིན་གྱིས་ཉིན་དེར་འཚམས་འདྲིར་ཡོང་བའི་ཨུ་རུ་སི་དཀར་པོའི་ཙུང་ཐུང་ལུའུ་ཁཱ་ཧྲིན་ཁི་དང་གྲོས་མོལ་བྱེད་སྐབས་བཤད་རྒྱུར། ཨུ་རུ་སིའི་ཕྱོགས་ཀྱིས་ཝུའུ་ཁི་ལན་གྱི་གནད་དོན་ཐད་ནས་ཞི་བའི་མཐུན་སྦྱོར་གྲོས་ཚོགས་བསྡུ་བར་རྒྱབ་སྐྱོར་བྱེད་ཀྱང་། དོན་དངོས་དང་ཁ་བྲལ་དུ་སོང་བའི་ཇུས་གཞི་གང་རུང་ང་ཚོའི་མགོར་བཙན་འཇོག་བྱེད་མི་རུང་ཟེར།

ཕུའུ་ཅིན་གྱིས་བསྟན་དོན། ཨུ་རུ་སི་ཡིས་ཞི་བའི་སྒོ་ནས་ཝུའུ་ཁི་ལན་བར་གྱི་རྩོད་གླེང་ཐག་གཅོད་བྱེད་པའི་བསམ་ཚུལ་ནམ་ཡང་བསྐྱུར་མྱོང་མེད་པ་དང་། ཝུའུ་ཁི་ལན་གྱི་གནད་དོན་ཐག་གཅོད་བྱེད་པའི་ཐད་ནས་འཛུགས་སྐྲུན་རང་བཞིན་ལྡན་པའི་གྲོས་མོལ་བྱེད་འདོད་ཡོད་ཀྱང་། ཝུའུ་ཁི་ལན་གྱིས་གྲོས་མོལ་བྱེད་པར་ཁས་ལེན་མ་བྱས་པ་དང་། གཡུལ་ས་ནས་ཨུ་རུ་སི་ཕམ་ཉེས་སུ་གཏོང་རྩིས་བྱས་པ་རེད། ཁོ་ཚོས་ད་ལྟ་དེ་ནི་དཔེ་མི་སྲིད་པ་ཞིག་ཡིན་པ་ཤེས་ཡོད་ལ། ཁོ་ཚོ་ཧ་ཅང་དཀའ་ཁག་ཆེ་བའི་གནས་སུ་ལྷུང་ཡོད་ཟེར།

ཕུའུ་ཅིན་གྱིས་ད་རུང་བསྟན་དོན། ཨུ་རུ་སིའི་ཕྱོགས་ཀྱིས་ཉེ་སྔོན་ཝུའུ་ཁི་ལན་གྱི་ནུས་ཁུངས་སྒྲིག་ཆས་ལ་ཆམ་ཕབ་བཏང་བ་ནི་ཝུའུ་ཁི་ལན་གྱིས་ཨུ་རུ་སིའི་འབྲེལ་ཡོད་སྒྲིག་ཆས་ལ་ཆམ་ཕབ་བཏང་བར་རྒོལ་ལན་སྤྲད་པ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།