བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་དབྱི་སི་རལ་གྱིས་དགེ་སྒྲུབ་རྩ་འཛུགས་ལ་བར་སྣང་འཇབ་རྒོལ་བྱས་ཏེ་ལས་བྱེད་མི་སྣ་རྐྱེན་ལམ་དུ་ཤོར་བར་སེམས་ཁུར་ཆེན་པོ་བྱེད་པའི་ཚུལ་བསྟན།
2024.04.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་བཅུ་གཅིག་ཉིན་སྨྱན་བྱད་ལ་གསལ་སྒྲོག་སྤེལ་ནས། ཉེ་སྔོན་དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་དུ་བར་སྣང་འཇབ་རྒོལ་བྱས་པ་ལས་འཛམ་གླིང་ཀྲུང་དབྱང་ཟ་ཁང་ཞེས་པའི་དགེ་སྒྲུབ་རྩ་འཛུགས་ཀྱི་ལས་བྱེད་མི་སྣ་བདུན་རྐྱེན་ལམ་དུ་ཤོར་བའི་དོན་ལ་སེམས་ཁུར་ཆེན་པོ་བྱེད་པའི་ཚུལ་བསྟན།

གསལ་སྒྲོག་ལས་བཤད་རྒྱུར། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ངེས་པར་དུ་མི་ཆོས་རྒུད་སྐྱོབ་མི་སྣར་འཇབ་རྒོལ་བྱེད་པའི་དོན་རྐྱེན་ཚང་མར་རྩད་གཅོད་བྱེད་དགོས་པ་ནན་བཤད་བྱས་པར་མ་ཟད། དབྱི་སི་རལ་ཕྱོགས་ཀྱིས་ཟླ་འདིའི་ཚེས་གཅིག་ཉིན་གྱི་འཇབ་རྒོལ་དོན་རྐྱེན་གྱི་ཐོག་མའི་རྟོག་ཞིབ་མཇུག་འབྲས་ཁྱབ་བསྒྲགས་བྱས་པར་དོ་སྣང་བྱེད་ཀྱིན་ཡོད། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་ངེས་པར་དུ་དོན་རྐྱེན་དེར་ཕྱོགས་ཡོངས་ནས་རྟོག་ཞིབ་གསལ་ཐག་ཆོད་པ་ཞིག་བྱེད་དགོས་པ་དང་། རྟོག་ཞིབ་མཇུག་འབྲས་དེ་ངེས་པར་དུ་ཡོངས་བསྒྲགས་བྱེད་དགོས་ཟེར།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་འཁྲུག་རྩོད་ཕྱོགས་ཁག་སོ་སོས་མི་ཆོས་བྱ་བ་བྱེད་མཁན་དང་མི་ཆོས་ཀྱི་སྒྲིག་ཆས། མི་ཆོས་རྒུད་སྐྱོབ་བྱ་བ་བཅས་ཀྱི་རྒྱལ་སྤྱིའི་བཅའ་ཁྲིམས་ཁྲོད་ཀྱི་སྲུང་སྐྱོབ་ཐེབས་པའི་གོ་གནས་ལ་བརྩི་འཇོག་བྱེད་པ་དང་། མི་ཆོས་རིང་ལུགས་ཀྱི་བརྡ་ཐོ་དང་འཁྲུག་རྩོད་མཚམས་འཇོག་པའི་རྐྱེན་སྲོལ་བརྩི་སྲུང་བྱེད་དགོས་པར་མ་ཟད་རྐྱེན་སྲོལ་དེ་དག་གི་ཞན་ཆ་ཁ་གསབ་བྱེད་དགོས་པའི་འབོད་སྐུལ་བཏང་།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་མིས་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་ལས་མི་སྣར་ཤི་རྨས་དང་མི་ཆོས་རིང་ལུགས་ཀྱི་གནོད་འཚེ་བཟོས་ནས། ཅཱ་ཧྲ་ས་ཁུལ་ལྟོགས་སྡུག་མྱོང་བའི་འཇིགས་ཉེན་ལ་འཕྲད་པ་བཅས་ལ་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད་པ་བསྐྱར་སྒྲོག་བྱས་པ་དང་། མྱུར་མོར་མི་ཆོས་རྒུད་སྐྱོབ་དངོས་རྫས་ཀྱི་སྐྱེལ་འདྲེན་དང་བགོ་བཤའི་ཐད་ཀྱི་བཀག་རྒྱ་ཚང་མར་མེད་པར་གཏོང་དགོས་པའི་འབོད་སྐུལ་བཏང་།


བསོད་ནམས་ཚེ་རིང་གིས་བསྒྱུར།