ཀྲུང་གོའི་ཚོང་དོན་པུའུ་ཡི་པུའུ་ཀྲང་ཝང་ཝུན་ཐའོ་དང་དབྱི་ཐཱ་ལེའི་ཙུང་ལི་གཞོན་པའམ་ཕྱི་འབྲེལ་བློན་ཆེན་ཐཱ་ཡཱ་ནེ་གཉིས་ཀྱིས་ཚེས་བཅུ་གཅིག་ཉིན་དབྱི་ཐཱ་ལེའི་ཝེ་ལོ་ནཱ་ནས་ཀྲུང་གོ་དང་དབྱི་ཐཱ་ལེའི་དཔལ་འབྱོར་མཉམ་ལས་གཅིག་འདྲེས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅོ་ལྔ་བར་མཉམ་དུ་མགོ་འཛིན་བྱས། ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་དབྱི་ཐཱ་ལེའི་དཔལ་འབྱོར་ཉོ་ཚོང་འབྲེལ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ནས་བསམ་འཆར་བརྗེ་རེས་བྱས།
ཝང་ཝུན་ཐའོ་ཡིས་བསྟན་དོན། ད་ལོ་ནི་ཀྲུང་གོ་དང་དབྱི་ཐཱ་ལེའི་བར་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་ནས་ལོ་ངོ་ཉི་ཤུ་འགོར་བའི་ལོ་ཡིན་ཞིང་། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་གོ་དང་དབྱི་ཐཱ་ལེའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱིས་འཕེལ་རྒྱས་རྣམ་པ་བཟང་བོ་སྲུང་འཛིན་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་དབྱི་ཐཱ་ལེ་དང་མཉམ་དུ་དར་གོས་ཚོང་ལམ་གྱི་སྙིང་སྟོབས་རྒྱུན་འཁྱོངས་བྱས་ཤིང་། ཉོ་ཚོང་གི་སྦས་ཤུགས་སྔོག་འདོན་བྱས་ནས་ཉོ་ཚོང་ཆུ་ཚད་མཐོར་འདེགས་བྱེད་པ་དང་། དངུལ་གཏོང་གྲུབ་ཚུལ་ལེགས་བསྒྱུར་དང་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་སུ་གཏོང་བ། ལྷད་མེད་མཉམ་ལས་ལ་ཤུགས་སྣོན་དང་ཐཱན་ཉུང་སྤོར་བསྒྱུར་ལ་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་སྒུལ་ཤུགས་གསར་བ་ཁ་སྣོན་བྱེད་འདོད་ཡོད་ཟེར། དེའི་ཞོར་དུ་དབྱི་ཐཱ་ལེ་ཕྱོགས་ཀྱིས་ནུས་པ་གལ་ཆེན་འདོན་སྤེལ་བྱེད་པ་དང་། ཡོ་རོབ་གླིང་མནའ་འབྲེལ་གྱི་ལྷད་མེད་ནུས་ཁུངས་གསར་བའི་ཁྱབ་ཁོངས་ནས་ཀྲུང་གོའི་བར་གྱི་མཉམ་ལས་ཁྲོད་ཚུལ་མཐུན་དང་སྒོ་འབྱེད་ཀྱི་རྣམ་འགྱུར་འཛིན་དགོས་པའི་སྐུལ་མ་བཏང་།
ཐཱ་ཡཱ་ནེ་ཡིས་བསྟན་དོན། དབྱི་ཐཱ་ལེ་ཕྱོགས་ཀྱིས་དུས་ཡུན་རིང་བོར་གཏན་འཇགས་ཡིན་པའི་དབྱི་ཐཱ་ལེ་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་མཐོང་ཆེན་བྱེད་པ་དང་། ཀྲུང་གོ་དང་དབྱི་ཐཱ་ལེའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་སྒྲོམ་གཞིའི་འོག ཀྲུང་གོ་ཕྱོགས་བར་གྲོས་མོལ་དང་མཉམ་ལས་སྲུང་འཛིན་བྱེད་པ་དང་། ཕྱོགས་གཉིས་ཀྱི་ཉོ་ཚོང་དོ་མཉམ་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། གློག་སྒུལ་རླངས་འཁོར་སོགས་ནུས་ཁུངས་གསར་བའི་ཁྱབ་ཁོངས་ཀྱི་ཀྲུང་གོའི་ཁེ་ལས་དབྱི་ཐཱ་ལེ་རུ་ཡོང་ནས་དངུལ་གཏོང་བྱེད་པར་དགའ་བསུ་བྱེད་ལ། རྒྱལ་ཁབ་གཉིས་བར་སྔར་ལས་མང་བའི་གནས་སྐོར་བར་སྟབས་བདེ་བཟོ་བའི་གནམ་གྲུ་བཏང་སྟེ་ཕྱོགས་གཉིས་ཀྱི་དངོས་གཉེར་མཉམ་ལས་ལ་ནང་དོན་གསར་བ་ཁ་སྣོན་བྱེད་དགོས་ཟེར།
དབྱི་ཐཱ་ལེ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཅཱ་ཀོས་ཏི་དང་དབྱི་ཐཱ་ལེའི་ཕྱི་འབྲེལ་དང་རྒྱལ་སྤྱིའི་མཉམ་ལས་པུའུ་ཡི་དྲུང་ཡིག་ཆེན་མོ་བཀའ་ལི་ལེ་ཡཱ། ཀྲུང་གོ་རུ་སྡོད་པའི་དབྱི་ཐཱ་ལེའི་གཞུང་ཚབ་ཆེན་མོ་ཨན་པའོ་སི། དེ་མིན་ཕྱོགས་གཉིས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འཐུས་མི་བཅས་གྲོས་ཚོགས་ལ་ཞུགས།
ཉིན་དེའི་སྔ་དྲོར་ཝང་ཝུན་ཐའོ་ད་རུང་གདན་ཞུས་ལྟར་དབྱི་ཐཱ་ལེའི་ཝེ་ནེ་སི་ནས་སྤེལ་བའི་མཱ་ཁི་པའོ་ལོ་སྟེ་ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་འབྲེལ་ཟམ་ཞེས་པའི་རྗེས་དྲན་བྱ་འགུལ་ལ་ཞུགས་པར་མ་ཟད་ཞུ་ཚིག་ཕུལ།
བསོད་ནམས་ཚེ་རིང་གིས་བསྒྱུར།