དབྱི་ལིང་གིས་ནུབ་ཕྱོགས་རྒྱལ་ཁབ་སྐོར་ཞིག་གིས་དབྱི་སི་རལ་གྱི་དྲག་སྤྱོད་ལ་རྒོལ་གཏམ་གཏོང་བར་ཕྱིར་བྱོལ་བྱས་པར་སྐྱོན་བརྗོད་བྱས།
2024.04.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་ཚེས་བཅུ་གཉིས་ཉིན་བསྒྲགས་པ་ལྟར་ན། དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཨ་པུའུ་ཏུའུ་ལཱ་ཞེ་དབྱང་གིས་ཉེ་སྔོན་ནུབ་ཕྱོགས་རྒྱལ་ཁབ་སྐོར་ཞིག་གིས་སི་རི་ཡཱ་རུ་སྡོད་པའི་དབྱི་ལིང་གི་གཞུང་ཚབ་ཁང་ལ་འཇབ་རྒོལ་བྱས་པའི་དོན་རྐྱེན་ཐད་ནས། རྒྱལ་སྤྱིའི་བཅའ་ཁྲིམས་དང་སྤྱི་ཆིངས་ལ་འགལ་བའི་བྱ་སྤྱོད་དེར་རྒོལ་གཏམ་གཏོང་བར་ཕྱིར་བྱོལ་བྱས་པ་དང་། མུ་མཐུད་དུ་དབྱི་སི་རལ་སྲིད་དབང་གི་དྲག་སྤྱོད་ལ་རྒྱབ་སྐྱོར་བྱས་པར་སྐྱོན་བརྗོད་བྱས།

བསྒྲགས་པ་ལྟར་ན། ཨ་པུའུ་ཏུའུ་ལཱ་ཞེ་དབྱང་གིས་ཚེས་བཅུ་གཅིག་ཉིན་ཨོ་སི་ཁྲུ་ལི་ཡཱའི་ཕྱི་འབྲེལ་བློན་ཆེན་ཧོང་དབྱིན་ཞན་དང་ཁ་པར་གྲོས་མོལ་བྱེད་སྐབས། ཅཱ་ཧྲ་ས་ཁུལ་གྱི་གནས་བབ་དང་བཅས་པའི་ས་ཁུལ་གྱི་གནས་ཚུལ་འཕེལ་རྒྱས་གསར་བའི་ཐད་ནས་བསམ་འཆར་བརྗེ་རེས་བྱས།

ཨ་པུའུ་ཏུའུ་ལཱ་ཞེ་དབྱང་གིས་ནན་གྱིས་བསྟན་དོན། དབྱི་སི་རལ་གྱིས་སི་རི་ཡཱ་རུ་སྡོད་པའི་དབྱི་ལིང་གི་གཞུང་ཚབ་ཁང་ལ་བར་སྣང་འཇབ་རྒོལ་བྱས་པའི་གནད་དོན་ཐད་ནས། ནུབ་ཕྱོགས་རྒྱལ་ཁབ་ཀྱི་སྲིད་གཞུང་སྐོར་ཞིག་གིས་རྒྱལ་སྤྱིའི་བཅའ་ཁྲིམས་དང་སྤྱི་ཆིངས་ལ་འགལ་བའི་འཇིགས་སྐུལ་རིང་ལུགས་ཀྱི་བྱ་སྤྱོད་མངོན་གསལ་དེར་རྒོལ་གཏམ་གཏོང་བར་ཕྱིར་བྱོལ་བྱས་པ་དང་། མུ་མཐུད་དུ་དབྱི་སི་རལ་སྲིད་དབང་གི་དྲག་སྤྱོད་ལ་རྒྱབ་སྐྱོར་བྱས་པར་མ་ཟད། ད་རུང་དབྱི་ལིང་གིས་རང་ཚོད་འཛིན་དགོས་པའི་འབོད་སྐུལ་བཏང་ཡོད་ཟེར།

ཨ་པུའུ་ཏུའུ་ལཱ་ཞེ་དབྱང་གིས་བཤད་རྒྱུར། ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་ལས་མི་དམངས་ལ་འཚོ་བཅུད་མི་འདང་བའི་གནད་དོན་བྱུང་ཡོད་ཟེར། ཁོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དབྱི་སི་རལ་སྲིད་དབང་ལ་གནོན་ཤུགས་བྱིན་ནས། དབྱི་སི་རལ་གྱིས་འཐབ་འཁྲུག་དེ་མཇུག་སྒྲིལ་དུ་འཇུག་དགོས་པའི་རེ་བ་འདོན་དགོས་པའི་འབོད་སྐུལ་བཏང་།

ཧོང་དབྱིན་ཞན་གྱིས་བསྟན་དོན། ཨོ་སི་ཁྲུ་ལི་ཡཱ་ཡིས་དབུས་ཤར་ས་ཁུལ་གྱི་ཛ་དྲག་གི་གནས་བབ་སྔར་ལས་ཇེ་སྡུག་ཏུ་འགྲོ་བར་སེམས་ཁུར་བྱེད་བཞིན་ཡོད་པ་དང་། དེའི་ཞོར་དུ་དབྱི་ལིང་གིས་རང་གི་སི་རི་ཡཱ་རུ་སྡོད་པའི་གཞུང་ཚབ་ཁང་ལ་འཇབ་རྒོལ་ཐེབས་རྗེས་རང་ཚོད་འཛིན་དགོས་པའི་རེ་བ་ཞུས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།