ཨུ་རུ་སི་ཡིས་སི་ལོ་ཝུན་ནེ་ཡཱའི་ཕྱི་འབྲེལ་མི་སྣ་གཅིག་དགའ་བསུ་མི་བྱེད་པའི་མིར་ཁྱབ་བསྒྲགས་བྱས།
2024.04.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཚེས་བཅུ་གཉིས་ཉིན་ཨུ་རུ་སིར་སྡོད་པའི་སི་ལོ་ཝུན་ནེ་ཡཱའི་ཕྱི་འབྲེལ་མི་སྣ་གཅིག་དགའ་བསུ་མི་བྱེད་པའི་མིར་ཁྱབ་བསྒྲགས་བྱས།

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་དཔོན་ཕྱོགས་དྲ་ཚིགས་ཀྱིས་བསྒྲགས་པ་ལྟར་ན། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་ཨུ་རུ་སིར་སྡོད་པའི་སི་ལོ་ཝུན་ནེ་ཡཱའི་གཞུང་ཚབ་ཆེན་མོ་བོས་ནས་སི་ལོ་ཝུན་ནེ་ཡཱ་ཕྱོགས་ཀྱིས་དེའི་སྔོན་སི་ལོ་ཝུན་ནེ་ཡཱ་རུ་སྡོད་པའི་ཨུ་རུ་སིའི་གུཞང་ཚབ་ཁང་གི་ཕྱི་འབྲེལ་མི་སྣ་གཅིག་གི་ཐོབ་ཐང་མེད་པར་བཏང་བར་རྒོལ་གཏམ་དྲག་པོ་བཏང་། དེའི་ལན་དུ་ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཨུ་རུ་སིར་སྡོད་པའི་སི་ལོ་ཝུན་ནེ་ཡཱའི་ཕྱི་འབྲེལ་མི་སྣ་གཅིག་དགའ་བསུ་མི་བྱེད་པའི་མིར་ཁྱབ་བསྒྲགས་བྱས་པ་རེད་ཟེར།

བསྒྲགས་པ་ལྟར་ན། ཟླ་གསུམ་པའི་ཚེས་ཉེར་གཅིག་ཉིན། སི་ལོ་ཝུན་ནེ་ཡཱའི་ཕྱི་འབྲེལ་པུའུ་ཡིས་སི་ལོ་ཝུན་ནེ་ཡཱ་རུ་སྡོད་པའི་ཨུ་རུ་སིའི་ཕྱི་འབྲེལ་མི་སྣ་གཅིག་དགའ་བསུ་མི་བྱེད་པའི་མིར་ཁྱབ་བསྒྲགས་བྱས་དོན། མི་དེས་རང་གི་ཕྱི་འབྲེལ་ཐོབ་ཐང་དང་མི་འཚམ་པའི་བྱ་འགུལ་གཉེར་བའི་དབང་གིས་ཁོ་རང་གཟའ་འཁོར་གཅིག་གི་ནང་སི་ལོ་ཝུན་ནེ་ཡཱའི་མངའ་ཁོངས་དང་འབྲལ་དགོས་པའི་རེ་བ་བཏོན་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།