དབྱི་སི་རལ་གྱིས་དབྱི་སི་རལ་དང་ཨ་མེ་རི་ཁའི་དམག་ཕྱོགས་ཀྱིས་དབྱི་ལིང་གིས་སྤེལ་སྲིད་པའི་འཇབ་རྒོལ་ལ་དཔྱད་འཇོག་བྱས་ཡོད་པའི་ཚུལ་བསྟན།
2024.04.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གི་མགྲིན་ཚབ་པ་ཧཱ་ཅཱ་ལི་ཡིས་ཚེས་བཅུ་གཉིས་ཉིན་བསྟན་དོན། དབྱི་སི་རལ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱི་དམག་དཔུང་གིས་དབྱི་ལིང་གིས་དབྱི་སི་རལ་ལ་སྤེལ་སྲིད་པའི་འཁོན་ལན་སློག་པའི་འཇབ་རྒོལ་ལ་གནས་བབ་དཔྱད་འཇོག་བྱས་ནས། ཕྱོགས་གཉིས་ཀྱིས་མཐུན་སྦྱོར་འགུལ་སྐྱོད་དམ་ཟབ་སྤེལ་བར་འགན་སྲུང་བྱས།

ཧཱ་ཅཱ་ལི་ཡིས་ཉིན་དེའི་དགོང་མོར་གསལ་སྒྲོག་ཅིག་ལས་བཤད་རྒྱུར། དབྱི་སི་རལ་དམག་དཔུང་གི་སྤྱི་ཁྱབ་ཇུས་འདོན་དཔོན་ཧཱ་ལའེ་ཝེ་ཡིས་ཨ་མེ་རི་ཁའི་ཀྲུང་དབྱང་དམག་སྤྱི་ཁང་གི་དམག་སྤྱི་ཁུའུ་ལི་ལཱ་དང་མཉམ་དུ་གནས་བབ་ལ་མཉམ་འབྲེལ་དཔྱད་འཇོག་བྱས་ཏེ། ཕྱོགས་གཉིས་ཀྱིས་མཐུན་སྦྱོར་འགུལ་སྐྱོད་དམ་ཟབ་སྤེལ་བར་འགན་སྲུང་བྱས་ཡོད་ཟེར།

ཧཱ་ཅཱ་ལི་ཡིས་བཤད་རྒྱུར། འདས་པའི་ཟླ་ངོ་དྲུག་ལྷག་གི་རིང་ལ། དབྱི་སི་རལ་རྒྱུན་པར་འཐབ་འཁྲུག་གི་རྣམ་པར་གནས་ཡོད་པ་དང་། དབྱི་སི་རལ་གྱི་འགོག་སྲུང་མ་ལག་གིས་འཇིགས་ཉེན་གང་རུང་ལ་ཁ་གཏད་འཇལ་བར་གྲ་སྒྲིག་གང་ལེགས་བྱས་ཡོད་ཟེར། ཁོས་དེའི་ཞོར་དུ་ནན་གྱིས་བསྟན་དོན། དབྱི་སི་རལ་གྱི་མཁའ་སྲུང་མ་ལག་ལ་ཞན་ཆ་མེད་ཅི་ཡང་མེད་པ་མིན་པས། དབྱི་སི་རལ་གྱི་མང་ཚོགས་ཀྱིས་དབྱི་ལིང་གི་འཇབ་རྒོལ་ལ་དོགས་ཟོན་མཐོར་འདེགས་བྱེད་དགོས་ཟེར།

ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་གྱིས་ཚེས་བཅུ་གཉིས་ཉིན་ཕོ་བྲང་དཀར་པོ་ནས་སྨྱན་བྱད་ལ་བསྟན་དོན། ཚོད་དཔག་བྱས་ན་དབྱི་ལིང་གིས་མྱུར་མོར་དབྱི་སི་རལ་ལ་འཇབ་རྒོལ་བྱེད་སྲིད་ཟེར། ཁོས་བྱེ་བྲག་གི་གནས་ཚུལ་གསལ་བོར་བརྗོད་མེད་ཀྱང་། དབྱི་ལིང་གིས་འཇབ་རྒོལ་བྱེད་མི་རུང་བའི་ཉེན་བརྡ་གཏོང་འདོད་པ་རེད།

ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡི་མགྲིན་ཚབ་པ་ལའེ་ཏི་ཡིས་ཚེས་བཅུ་གཅིག་ཉིན་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་ཁས་ལེན་བྱས་དོན། ཨ་མེ་རི་ཁའི་ཀྲུང་དབྱང་དམག་སྤྱི་ཁང་གི་དམག་སྤྱི་ཁུའུ་ལི་ལཱ་ཡིས་དབྱི་སི་རལ་དུ་འཚམས་འདྲི་བྱེད་བཞིན་ཡོད་ཟེར། ཨ་མེ་རི་ཁའི་ཉིག་ཡོ་སྐབས་དོན་ཚགས་པར་གྱིས་ཚེས་བཅུ་གཅིག་ཉིན་མིང་བཤད་མི་འདོད་པའི་ཨ་མེ་རི་ཁའི་དཔོན་རིགས་ཤིག་གི་སྐད་ཆ་དྲངས་ནས་བསྟན་དོན། ཁུའུ་ལི་ལཱ་ཡིས་དབྱི་སི་རལ་དུ་འཚམས་འདྲི་བྱེད་པའི་དམིགས་ཡུལ་ནི་དབྱི་སི་རལ་དང་མཉམ་དུ་དབྱི་ལིང་གིས་དབྱི་སི་རལ་ལ་འཁོན་ལན་སློག་པའི་འཇབ་རྒོལ་སྤེལ་བའི་ཐད་ནས་འབྲེལ་འདྲིས་མཐུན་སྦྱོར་བྱེད་པའི་ཆེད་རེད་ཟེར།

དབྱི་རག་གི་དམངས་དམག་དྲག་ཆས་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཀྱིས་ཚེས་བཅུ་གཉིས་ཉིན་གསལ་སྒྲོག་སྤེལ་ནས། ཨ་མེ་རི་ཁ་དང་དབྱི་སི་རལ་གྱིས་ལྟེ་བའི་འགོག་རྒོལ་ལ་དམིགས་ནས་དཔུང་འཇུག་བྱེད་མི་རུང་བ་དང་། དེ་ལྟ་མིན་ཚེ་རྩ་འཛུགས་དེས་ཐད་ཀར་དུ་རྒོལ་ལན་སྤྲོད་སྲིད་པའི་ཉེན་བརྡ་བཏང་། སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ལྟེ་བའི་འགོག་རྒོལ་ཞེས་པ་ནི་དབྱི་ལིང་དང་སི་རི་ཡཱ། ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་། ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས། དབྱི་རག་ཧྲི་ཡེ་ཕྱོགས་ཁག་གི་དམངས་དམག་དྲག་ཆས་པ། ཡེ་མིན་ཧུའུ་སེ་དྲག་ཆས་སོགས་འདུས་པའི་རྒྱལ་ཁབ་ཚོགས་པའམ་དྲག་ཆས་རྩ་འཛུགས་ལ་གོ་བ་རེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།