སྐབས་གསུམ་པའི་ཀྲུང་གོ་དང་སུའུ་ཏན་ལྷོ་མའི་རིག་མཛོད་གླེང་སྟེགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཐད་བློ་འདོན་ཇུས་འབུལ་བྱས།
2024.04.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

སྐབས་གསུམ་པའི་ཀྲུང་གོ་དང་སུའུ་ཏན་ལྷོ་མའི་རིག་མཛོད་གླེང་སྟེགས་ཚེས་བཅུ་གཉིས་ཉིན་སུའུ་ཏན་ལྷོ་མའི་རྒྱལ་ས་ཀྲུའུ་པཱ་ནས་བསྡུས། ཚོགས་ཞུགས་འཐུས་མི་དག་གིས་ཀྲུང་གོའི་འཕེལ་རྒྱས་ཉམས་མྱོང་མཉམ་སྤྱོད་བྱེད་པར་གྲོས་བསྡུར་བྱས་པ་དང་། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ལ་བློ་འདོན་ཇུས་འབུལ་བྱས་པར་མ་ཟད་འཕར་སྣོན་གྱི་གནད་གསར་བ་འཚོལ་ཞིབ་བྱས།

སུའུ་ཏན་ལྷོ་མ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་པ་མཱ་ཆང་དང་སུའུ་ཏན་ལྷོ་མའི་སྤྱི་བའི་ཞབས་ཞུ་དང་མི་ཤུགས་ཐོན་ཁུངས་གསར་སྤེལ་པུའུ་ཡི་པུའུ་ཀྲང་པུས་ཞའོ་ཁི། དེ་མིན་ཕྱི་འབྲེལ་པུའུ་ཡི་འཐུས་མི། སུའུ་ཏན་ལྷོ་མ་དང་ཀྲུང་གོའི་ཁེ་ལས་དང་། ཕྱི་སྡོད་རང་མིའི་འཐུས་མི། ཆེད་མཁས་པ་སོགས་མི་ལྔ་བཅུ་ལྷག་སྐབས་འདིའི་གླེང་སྟེགས་ལ་ཞུགས།

སྐབས་འདིའི་གླེང་སྟེགས་ཀྱི་ཚོགས་ཡུན་ཉིན་གཅིག་ཡིན་ཞིང་། བརྗོད་སྙིང་ནི་གྲོགས་པོའི་འབྲེལ་བར་ཤུགས་སྣོན་བྱས་ནས་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཞེས་པ་དེ་རེད། ཀྲེ་ཅང་དགེ་འོས་སློབ་ཆེན་གྱི་ཨ་ཧྥེ་རི་ཁ་གླིང་ཞིབ་འཇུག་གླིང་དང་སུའུ་ཏན་ལྷོ་མའི་འཐབ་ཇུས་དང་སྲིད་ཇུས་ཞིབ་འཇུག་ཁང་གིས་མཉམ་དུ་གཙོ་སྒྲུབ་བྱས་པ་རེད།

མགོ་རྩོམ་པའི་མཛད་སྒོའི་སྟེང་མཱ་ཆང་གིས་བསྟན་དོན། རྒྱལ་སྤྱིའི་ཁོར་ཡུག་དང་སུའུ་ཏན་འཁྲུག་རྩོད་ཀྱི་ཤུགས་རྐྱེན་དབང་གིས་སུའུ་ཏན་ལྷོ་མའི་དཔལ་འབྱོར་དེ་ཉེ་སྔོན་འགྲན་རྩོད་མང་བོར་འཕྲད་ཡོད་ཅིང་། དངུལ་ལོར་ཚད་བརྒལ་འགྲེམ་པའི་གནོན་ཤུགས་མུ་མཐུད་དུ་ཇེ་ཆེར་སོང་ནས་ཚོང་རའི་ནུས་ལྡན་མཁོ་འདོན་མངོན་གསལ་གྱིས་མི་འདང་བ་དང་ན་གཞོན་ལས་ཤོར་གནད་དོན་སྔར་ལས་འབུར་དུ་ཐོན་ཡོད། གནས་བབ་དེ་འདྲའི་འོག ཇི་ལྟར་འབྲུ་རིགས་བདེ་འཇགས་གནད་དོན་ཐག་གཅོད་བྱེད་པ་དང་རྒྱལ་ཁབ་ཀྱི་སྣ་མང་ཅན་གྱི་ཡོང་འབབ་དང་ས་གནས་རང་གི་ཐོན་སྐྱེད་ཇེ་མང་དུ་གཏོང་བ་དང་། ཟོལ་མེད་ཀྱིས་ཀྲུང་གོའི་ཀུང་ཟི་དང་བཅས་པའི་ཕྱི་རྒྱལ་གྱི་ཁེ་ལས་དག་གིས་སུའུ་ཏན་ལྷོ་མ་ནས་མ་དངུལ་གཏོང་བའི་ཡིད་ཆེས་མཐོར་འདེགས་བྱེད་དགོས་ལ། སྐབས་འདིའི་གླེང་སྟེགས་ནས་བརྗེ་རེས་དང་དཔྱད་བསྡུར་གང་ལེགས་བྱས་ནས། སྲིད་ཇུས་གྲོས་གཞི་རྩ་ཆེན་ཆགས་པར་རེ་སྒུག་བྱས་ཡོད་ཟེར། ཁོས་བཤད་རྒྱུར། ཀྲུང་གོག་ཕྱོགས་ཀྱིས་སུའུ་ཏན་ལྷོ་མ་དང་ལག་རྡང་སྦྲེལ་ནས་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་གྲོས་འདོན་དང་འཛམ་གླིང་ཡོངས་ཀྱི་བདེ་འཇགས་གྲོས་འདོན། འཛམ་གླིང་ཡོངས་ཀྱི་དཔལ་ཡོན་གྲོས་འདོན་བཅས་དངོས་འབེབས་བྱེད་པ་དང་། འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཐུན་སྒྲིལ་མཉམ་ལས་ལ་སྐུལ་འདེད་བཏང་ནས་ཀྲུང་གོ་དང་སུའུ་ཏན་ལྷོ་མའི་དངོས་གཉེར་མཉམ་ལས་ཇེ་ཟབ་ཏུ་གཏོང་དགོས་ཟེར།

སུའུ་ཏན་ལྷོ་མའི་ཕྱི་འབྲེལ་དང་རྒྱལ་སྤྱིའི་མཉམ་ལས་པུའུ་ཀྲུང་གོ་ཟི་ཡི་ཟི་ཀྲང་ལུའུ་པིན་གྱིས་བཤད་རྒྱུར། སུའུ་ཏན་ལྷོ་མ་རང་བཙན་བྱས་པའི་ཚུན་ལ། ཀྲུང་གོས་རོགས་རམ་བྱས་ཏེ་གཞུང་ལམ་ཟམ་པ་དང་། སྨན་ཁང་། གནམ་གྲུ་ཐང་སོགས་འཛུགས་སྐྲུན་བྱས་པ་དང་། སློབ་གསོའི་ལག་རྩལ་མཉམ་ལས་ཀྱི་ལས་གཞི་སྤེལ་ནས། སློབ་གསོ་དང་སྨན་བཅོས། མཁའ་འགྲུལ་སོགས་ཁྱབ་ཁོངས་ཀྱི་འཇོན་མི་གསོ་སྐྱོང་བྱས་ནས། རྒྱལ་ཁབ་ཀྱི་རྣམ་པར་འགྱུར་ལྡོག་གསར་བ་འབྱུང་དུ་བཅུག་ཡོད། ཀྲུང་གོའི་སྨན་བཅོས་རུ་ཁག་གིས་སུའུ་ཏན་ལྷོ་མར་རྨས་མ་མྱུར་སྐྱོབ་བྱས་པར་ས་དེའི་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཡོད། སུའུ་ཏན་ལྷོ་མ་དང་ཀྲུང་གོ་ཕྱོགས་གཉིས་ཀྱི་ཆེད་མཁས་པས་ཕྱོགས་གཉིས་ཀྱི་མཉམ་ལས་ཉམས་མྱོང་སྤྱི་བསྡོམས་བྱས་ནས་སུའུ་ཏན་ལྷོ་མ་དང་ཀྲུང་གོའི་མཉམ་ལས་ཐད་རིན་ཐང་ལྡན་པའི་བསམ་འཆར་དང་གྲོས་གཞི་སྔར་ལས་མང་བོ་འདོན་པར་རེ་སྒུག་བྱས་ཡོད་ཟེར།

སུའུ་ཏན་ལྷོ་མའི་འཐབ་ཇུས་དང་སྲིད་ཇུས་ཞིབ་འཇུག་ཁང་གི་ལག་བསྟར་ཀྲུའུ་རིན་མཱེ་ཨར་ཧཱ་ཡིས་གསར་འགོད་པར་བཤད་རྒྱུར། སུའུ་ཏན་ལྷོ་མ་ནི་འཛམ་གླིང་སྟེང་ཆེས་ན་གཞོན་པའི་རྒྱལ་ཁབ་ཅིག་ཡིན་ཡང་། མིག་སྔར་ཆེས་དབུལ་ཕོངས་ཀྱི་རྒྱལ་ཁབ་ཅིག་ཀྱང་ཡིན། ཡིན་ཡང་ཀྲུང་གོས་འཕེལ་རྒྱས་བགྲོད་ལམ་སྟེང་དུ་སུའུ་ཏན་ལྷོ་མ་གཏན་ནས་བསྐྱུར་མྱོང་མེད་ལ། ཀྲུང་གོ་ནི་སུའུ་ཏན་ལྷོ་མའི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱབ་སྐྱོར་མཁན་ཡིན་ཟེར།

སུའུ་ཏན་ལྷོ་མའི་ཀྲུང་གོའི་ཚོང་ཚོགས་ཀྱི་ཚོགས་གཙོ་ཞོན་ཅེ་ཡིས་བཤད་རྒྱུར། སུའུ་ཏན་ལྷོ་མ་དང་ཀྲུང་གོའི་ཁེ་ལས་དང་ཕྱི་སྡོད་རང་མིས་སུའུ་ཏན་ལྷོ་མའི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ལ་ཡིད་ཆེས་ཆེན་པོ་བཅངས་ཡོད་པ་དང་། མུ་མཐུད་དུ་སུའུ་ཏན་ལྷོ་མར་དངུལ་གཏོང་ལས་སྤེལ་བྱས་ནས་ཀྲུང་གོ་དང་སུའུ་ཏན་ལྷོ་མའི་བར་མཛའ་མཐུན་འབྲེལ་ཟམ་འཛུགས་རྒྱུ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།