ཀྲུང་གོའི་ཚོང་དོན་པུའུ་ཡི་པུའུ་ཀྲང་ཝང་ཝུན་ཐའོ་ཡིས་ཀྲུང་གོ་དང་དབྱི་ཐཱ་ལེའི་བཟོ་ཚོང་ལས་རིགས་ཀྱིས་མཉམ་དུ་སྲུང་སྐྱོབ་རིང་ལུགས་ལ་ངོ་རྒོལ་བྱེད་དགོས་པའི་ཚུལ་བསྟན།
2024.04.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཀྲུང་གོའི་ཚོང་དོན་པུའུ་ཡི་པུའུ་ཀྲང་ཝང་ཝུན་ཐའོ་ཡིས་ཚེས་བཅུ་གཉིས་ཉིན་དབྱི་ཐཱ་ལེའི་ཝེ་ལོ་ནཱ་རུ་ཀྲུང་གོ་དང་དབྱི་ཐཱ་ལེའི་ཚོང་དོན་གྲོས་མོལ་གླེང་སྟེགས་ལ་ཞུགས་སྐབས། ཀྲུང་གོ་དང་དབྱི་ཐཱ་ལེའི་བཟོ་ཚོང་ལས་རིགས་ཀྱི་མི་སྣས་མཉམ་དུ་ཉོ་ཚོང་སྲུང་སྐྱོབ་རིང་ལུགས་ལ་ངོ་རྒོལ་བྱེད་དགོས་པ་དང་། སྒོ་འབྱེད་མཉམ་ལས་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོ་དང་ཡོ་རོབ་གླིང་གི་ལྷད་མེད་ཐོན་ལས་ཀྱི་མཉམ་འདྲེས་འཕེལ་རྒྱས་མངོན་འགྱུར་བྱེད་དགོས་པའི་འབོད་སྐུལ་བཏང་།

ཝང་ཝུན་ཐའོ་ཡིས་བསྟན་དོན། མིག་སྔར་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་དེ་འགྲན་རྩོད་མང་བོར་འཕྲད་ཡོད་པ་དང་། ཁྱད་པར་དུ་ལྷད་མེད་ཐཱན་ཉུང་སྤོར་བསྒྱུར་དེ་གནད་འགག་གི་དུས་རིམ་དུ་གནས་ཡོད། ཡོ་རོབ་གླིང་ཨུ་ཡོན་ལྷན་ཁང་གིས་ཉེ་སྔོན་ཀྲུང་གོའི་གློག་སྒུལ་རླངས་འཁོར་དང་ཉི་འོད་ནུས་པའི་གློག་གཡིས་སོགས་སྤུས་ལེགས་ལྷད་མེད་ཐོན་རྫས་ལ་དམིགས་པའི་བྱ་སྤྱོད་འོས་མིན་རབ་དང་རིམ་པ་སྤེལ། ཕྱོགས་གཅིག་ནས་ལྷད་མེད་འཕེལ་རྒྱས་ཀྱི་དར་ཆ་མཐོན་པོར་བསྒྲེངས་པ་དང་ཕྱོགས་གཞན་ཞིག་ནས་སྲུང་སྐྱོབ་རིང་ལུགས་ཀྱི་བྱ་སྤྱོད་སྤེལ། དེ་ནི་ཕན་ཚུན་འགལ་བ་དང་ཚད་གཞི་ཟུང་ལྡན་གྱི་དཔེ་མཚོན་ཅིག་ཡིན་ལ། དེ་ནི་ཚད་གཞི་ཟུང་ལྡན་རིང་ལུགས་ཅིག་ཡིན་པར་བརྗོད་ཆོག ཡོ་རོབ་གླིང་ཨུ་ཡོན་ལྷན་ཁང་གི་བྱ་སྤྱོད་དེ་དག་གིས་འཛམ་གླིང་ཡོངས་ཀྱི་ལྷད་མེད་སྤོར་བསྒྱུར་ལ་བཀག་རྒྱ་བཟོས་པར་མ་ཟད། ཀྲུང་གོ་དང་ཡོ་རོབ་གླིང་གི་དངུལ་གཏོང་མཉམ་ལས་ཀྱི་ཡིད་ཆེས་ལ་གནོད་པ་བཟོས་པ་དང་། ཕྱོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་གི་ཡིད་ཆེས་ཀྱི་རྨང་གཞིར་གཡོ་འགུལ་གཏོང་སྲིད། ཀྲུང་གོ་དང་དབྱི་ཐཱ་ལེའི་ཁེ་ལས་པ་ཚོས་བཟོ་ཚོང་ལས་རིགས་ཀྱི་སྟོབས་ཤུགས་འདོན་སྤེལ་དང་། ཕྱོགས་གཅིག་རིང་ལུགས་དང་སྲུང་སྐྱོབ་རིང་ལུགས་ལ་མཉམ་དུ་ངོ་རྒོལ་བྱེད་པ་དང་། སྒོ་འབྱེད་མཉམལས་རྒྱུན་འཁྱོངས་སྒོས་འབྲེལ་ཐག་ཆད་པར་བཀག་འགོག་བྱས་ཏེ། འདྲེས་སྦྱོར་འཕེལ་རྒྱས་མངོན་འགྱུར་བྱེད་པ་དང་། མཉམ་དུ་འཛམ་གླིང་ཡོངས་ཀྱི་ཐོན་སྐྱེད་མཁོ་འདོན་མུ་འབྲེལ་གྱི་གཏན་འཇགས་ལ་སྲུང་སྐྱོབ་བྱས་ནས་ལྷད་མེད་དེ་ངེས་པ་དོན་གྱིས་ཀྲུང་གོ་དང་ཡོ་རོབ་གླིང་གི་དཔལ་འབྱོར་ཉོ་ཚོང་འབྲེལ་བའི་རང་མདངས་སུ་འགྱུར་བར་བྱེད་དགོས་ཟེར།

ཐེངས་འདིའི་ཀྲུང་གོ་དང་དབྱི་ཐཱ་ལེའི་ཚོང་ལས་གྲོས་མོལ་གླེང་སྟེགས་ནི་ཀྲུང་གོ་དང་དབྱི་ཐཱ་ལེའི་ཁེ་ལས་པའི་ཨུ་ཡོན་ལྷན་ཁང་གིས་གཙོ་སྒྲུབ་བྱས་པ་དང་། ཝང་ཝུན་ཐའོ་དང་དབྱི་ཐཱ་ལེའི་ཙུང་ལི་གཞོན་པའམ་ཕྱི་འབྲེལ་བློན་ཆེན་ཐཱ་ཡཱ་ནེ་གླེང་སྟེགས་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་གཏམ་བཤད་གལ་ཆེན་སྤེལ། དབྱི་ཐཱ་ལེ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་པ་ཅཱ་ཀོས་ཏི་དང་། ཀྲུང་གོར་སྡོད་པའི་དབྱི་ཐཱ་ལེའི་གཞུང་ཚབ་པ་ཨན་པའོ་སི། ཀྲུང་གོ་དང་དབྱི་ཐཱ་ལེའི་སྲིད་གཞུང་ལས་ཁུངས། ཀྲུང་གོ་དང་དབྱི་ཐཱ་ལེའི་ཁེ་ལས་པའི་ཨུ་ཡོན་ལྷན་ཁང་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་མི། རྒྱལ་ཁབ་གཉིས་ཀྱི་ཁེ་ལས་དང་ཚོང་དོན་མཐུན་ཚོགས་ཀྱི་འཐུས་མི་བཅས་མི་སུམ་བརྒྱ་དང་དྲུག་ཅུ་ལྷག་གླེང་སྟེགས་ལ་ཞུགས།

ཐཱ་ཡཱ་ནེ་ཡིས་བསྟན་དོན། དབྱི་ཐཱ་ལེ་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་འདྲིས་ལ་ཤུགས་སྣོན་བྱེད་པ་དང་། དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་རེ་བཞིན་ཡོད། ཀྲུང་གོའི་ཚོང་ར་དེ་དབྱི་ཐཱ་ལེའི་ཁེ་ལས་ལ་མཚོན་ན་གོ་སྐབས་ཆེན་པོ་ཞིག་ཡིན་པ་དང་། དབྱི་ཐཱ་ལེ་ཕྱོགས་ཀྱིས་ཀྱང་ཀྲུང་གོའི་ཁེ་ལས་དག་གིས་དབྱི་ཐཱ་ལེའི་དངུལ་གཏོང་རྒྱ་བསྐྱེད་ནས། དབྱི་ཐཱ་ལེ་ལ་ལས་ཞུགས་གོ་སྐབས་སྔར་ལས་མང་བོ་བསྐྲུན་པ་དང་། དབྱི་ཐཱ་ལེའི་དཔལ་འབྱོར་ཐད་འགྲན་རྩོད་རང་བཞིན་དང་གསོན་ཤུགས་ཁ་སྣོན་བྱེད་པར་དགའ་བསུ་ཞུ་བཞིན་ཡོད་ལ། སྔར་ལས་ལྷག་པའི་སྒོ་ནས་དབྱི་ཐཱ་ལེའི་ཁྱད་ལྡན་ཞིང་ལས་ཟས་རིགས་ཐོན་རྫས་དང་ཞིང་ལས་འཕྲུལ་ཆས་ཀྲུང་གོར་ཕྱིར་གཏོང་བྱེད་པར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་ནུས་ཁུངས་གསར་བ་དང་ཁེ་ལས་ཆུང་འབྲིང་གི་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། ཝེ་ནེ་སི་དང་ཀྲུང་གོའི་གྲོང་ཁྱེར་བར་དུ་ཐད་གཏོང་གནམ་གྲུ་ཁ་སྣོན་བྱེད་པར་རེ་བཞིན་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།