འཇིགས་སྐུལ་པས་ཕ་ཁི་སི་ཐན་གྱི་གཞུང་ལམ་དུ་རླངས་འཁོར་བཀག་ནས་འཇབ་རྒོལ་བྱས་ཏེ་མི11རྐྱེན་ལམ་དུ་ཤོར་བ་དང་མི4ལ་རྨས་ཕོག 
2024.04.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཕ་ཁི་སི་ཐན་གྱི་དཔོན་རིགས་ཀྱིས་ཚེས13ཉིན་བཤད་རྒྱུར། རྒྱལ་ཁབ་དེའི་ལྷོ་ནུབ་རྒྱུད་ཀྱི་པིས་ལུའུ་ཀྲི་ཞིང་ཆེན་གྱི་འཇིགས་སྐུལ་པ་ཁག་གཅིག་གིས་གཞུང་ལམ་དུ་རླངས་འཁོར་བཀག་པ་དང་འགྲུལ་པར་འཇབ་རྒོལ་བྱས་པས་ཉུང་མཐར་ཡང་མི11རྐྱེན་ལམ་དུ་ཤོར་བ་དང་མི4ལ་རྨས་ཕོག་ཡོད་ཟེར། 

ས་གནས་དེ་གའི་དཔོན་རིགས་ཤིག་གིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། འཇིགས་སྐུལ་རྩ་འཛུགས“པིས་ལུའུ་ཀྲི་བཅིངས་འགྲོལ་དམག”གི་དར་ཆ་བསྒྲེངས་པའི་དྲག་ཆས་པ་ཁག་གཅིག་གིས་ཚེས12ཉིན་གྱི་དགོང་མོར་པིས་ལུའུ་ཀྲི་ཞིང་ཆེན་ནུའུ་ཧྲི་ཅི་ས་ཁུལ་གྱི་གཞུང་ལམ་ཞིག་ཏུ་འཕྲུལ་རྟ་སྤྱད་དེ་འགྲོ་འོང་བྱེད་མཁན་རླངས་འཁོར་བཀག་པ་རེད། ཞིང་ཆེན་དེའི་ལྟེ་བའི་གྲོང་ཁྱེར་ཁུའེ་ཏ་ནས་ཡོང་བའི་རླངས་འཁོར་ཞིག་འཇིགས་སྐུལ་པས་བཀག་འགོག་བྱས་པ་དང་། ཤར་རྒྱུད་ཕང་ཀྲི་ཕུའུ་ཞིང་ཆེན་ནས་ཡོང་བའི་འགྲུལ་པ9ལ་མེ་མདས་བརྒྱབ་ནས་བསད་པ་རེད། གཞན་ཡང་རླངས་འཁོར་གཅིག་དང་འཕྲུལ་རྟ་གཅིག་གིས་བཀག་འགོག་དང་ཞིབ་བཤེར་དང་ལེན་མ་བྱས་པའི་དབང་གིས་མེ་མདས་བརྒྱབ་ནས་མི2རྐྱེན་ལམ་དུ་བཏང་བ་དང་། མི4ལ་རྨས་ཕོག་ཡོད་པ་རེད། 

དཔོན་རིགས་དེས་བཤད་རྒྱུར། འཇིགས་སྐུལ་པས་རླངས་འཁོར་འགོག་པའི་བྱ་སྤྱོད་དེ་སྐར་མ90ཙམ་ལ་རྒྱུན་མཐུད་བྱས་པ་དང་། དེའི་རྗེས་སུ་བདེ་འཇགས་དཔུང་སྡེ་དང་མེ་མདས་རྒྱག་རེས་བྱས་པར་མ་ཟད་ས་གནས་དེ་ནས་བྲོས་བྱོལ་བྱས་པ་རེད། མིག་སྔར་བདེ་འཇགས་དཔུང་སྡེས་ས་གནས་དེ་གར་ཞིབ་བཤེར་འཛིན་བཟུང་གི་བྱ་སྤྱོད་སྤེལ་ཡོད་པ་རེད། 

ཕ་ཁི་སི་ཐན་གྱི་ཙུང་ལི་ཞ་པ་ཙི་ཡིས་གསལ་བསྒྲགས་སྤེལ་ནས་འཇབ་རྒོལ་དོན་རྐྱེན་དེར་རྒོལ་གཏམ་བཏང་བ་དང་། འབྲེལ་ཡོད་སྡེ་ཁག་ལ་ལག་དམར་མགྱོགས་མྱུར་ངང་འཛིན་བཟུང་བྱེད་དགོས་པའི་བླང་བྱ་བཏོན། 

ཤ་བོ་གསེར་མཚོས་བསྒྱུར།