དབྱི་ལང་གིས་རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱིས་དབྱི་སི་རལ་གྱི་ཅ་ཧྲའི་བྱ་སྤྱོད་མཇུག་སྒྲིལ་རྒྱུར་སྐུལ་འདེད་གཏོང་རྒྱུའི་འབོད་སྐུལ་བཏང་། 
2024.04.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

དབྱི་ལང་ཕྱི་འབྲེལ་པུའུ་ཡིས་ཚེས13ཉིན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ཕྱི་འབྲེལ་པུའུ་ཀྲང་ཨ་པུའུ་ཏུའུ་ལ་ཞེ་དབྱང་གིས་རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱིས་ཅ་ཧྲ་སོགས་ས་ཁུལ་དུ་དབྱི་སི་རལ་གྱི་དམག་དོན་བྱ་སྤྱོད་མཇུག་སྒྲིལ་རྒྱུར་སྐུལ་འདེད་གཏོང་རྒྱུའི་འབོད་སྐུལ་བཏང་། 

གསལ་བསྒྲགས་ནང་བཤད་རྒྱུར། ཨ་པུའུ་ཏུའུ་ལ་ཞེ་དབྱང་གིས་ཚེས12ཉིན་དབྱི་ཐ་ལིའི་ཕྱི་འབྲེལ་པུའུ་ཀྲང་ཨན་ཏུང་ཉི་ཨོ·ཐ་ཡ་ཉི་དང་ཁ་པར་གཏོང་སྐབས་བསྟན་དོན། དབྱི་ལང་གིས་དབྱི་ཐ་ལིས་རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་བའི་གོ་སྐབས་སྤྱད་དེ་དབྱི་སི་རལ་གྱིས་ཅ་ཧྲ་ས་ཁུལ་དང་ཅོར་ཏན་གཙང་པོའི་ནུབ་འགྲམ་དུ“རིགས་རྒྱུད་རྩ་མེད་དུ་གཏོང་བ་དང་དམག་འཁྲུག་གི་ཉེས་སྤྱོད”འཕྲལ་མར་མཇུག་སྒྲིལ་ནས་བསྟུན་མཁས་རང་བཞིན་གྱི་ས་ཁུལ་བདེ་འཇགས་མངོན་འགྱུར་ཡོང་བར་རེ་བ་བྱེད་ཀྱིན་ཡོད་ཟེར། 

ཨ་པུའུ་ཏུའུ་ལ་ཞེ་དབྱང་གིས་བསྟན་དོན། དབྱི་ལང་ནི་སྔ་ཕྱི་བར་གསུམ་དུ་ས་ཁུལ་འཕེལ་རྒྱས་ཀྱི་དགེ་མཚན་ལྡན་པའི་གྲུབ་ཆ་ཞིག་ཡིན་པར་མ་ཟད། ས་ཁུལ་དེའི་བརྟན་ལྷིང་དང་བདེ་འཇགས་ལ་རིན་དོད་ཧ་ཅང་ཆེན་པོ་བཏང་ཡོད། 

ཐ་ཡ་ཉི་ཡིས་དབྱི་ལང་གིས་སི་རི་ཡ་རུ་སྡོད་པའི་རྒྱལ་ཁབ་དེའི་གཞུང་ཚབ་ཁང་ལ་འཇབ་རྒོལ་ཕོག་པའི་དོན་རྐྱེན་ཐད་བཟོད་སྒོམ་བྱ་རྒྱུའི་རེ་འབོད་བྱས་ཡོད། ཁོས་བཤད་རྒྱུར། དབྱི་ཐ་ལི་དང་ཡོ་རོབ་མནའ་འབྲེལ་གྱིས་འཇབ་རྒོལ་དེར་མཉམ་དུ་རྒོལ་གཏམ་བཏང་བ་དང་། ཕྱི་འབྲེལ་བྱ་ཡུལ་ལ་བཙན་གནོད་ཕོག་མི་རུང་ཟེར།

སི་རི་ཡ་རུ་སྡོད་པའི་དབྱི་ལང་གི་གཞུང་ཚབ་ཁང་གི་གཞུང་ཚབ་སྡེ་ཁག་གི་འཛུགས་སྐྲུན་ལ་ཟླ་འདིའི་ཚེས1ཉིན་འཕུར་མདེལ་གྱི་འཇབ་རྒོལ་ཕོག་ནས་ཉུང་མཐར་ཡང་མི13རྐྱེན་ལམ་དུ་ཤོར་བ་རེད། དབྱི་ལང་དང་སི་རི་ཡ་ཡིས་འཇབ་རྒོལ་དེ་དབྱི་སི་རལ་གྱིས་བསླངས་པ་ཡིན་ཞེས་བཤད་པ་དང་། དབྱི་ལང་གི་འགོ་ཁྲིད་པས་འཁོན་ལན་སློག་དགོས་ཞེས་ཨུ་ཚུགས་མཐའ་འཁྱོངས་བྱེད་ཀྱིན་ཡོད། 

ཤ་བོ་གསེར་མཚོས་བསྒྱུར།