ཞི་ཉི་ཚོང་རའི་གྲིས་བསྣུན་པའི་འཇབ་རྒོལ་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་བའི་མི་གྲངས7ལ་འཕར།
2024.04.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨོ་སི་ཁྲུ་ལི་ཡའི་ཉེན་རྟོག་ཕྱོགས་ཀྱིས་ཚེས13ཉིན་བཤད་རྒྱུར། ཞི་ཉི་ཤར་ལྷོའི་རྒྱུད་ཀྱི་པང་ཏིས་ལམ་མདོའི་ས་ཁུལ་གྱི་ཚོང་ར་ཞིག་ཏུ་ཉིན་དེར་གྲི་བཟུང་ནས་འཇབ་རྒོལ་བྱས་པའི་དོན་རྐྱེན་བྱུང་བ་ལས་གནོད་འཚེ་ཕོག་མཁན6རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་མང་པོར་རྨས་སྐྱོན་ཕོག་ཡོད་ལ། ཉེས་གསོད་བྱེད་མཁན་ཉེན་རྟོག་ཕྱོགས་ཀྱིས་ས་གནས་དེ་གར་བསད་པ་རེད། 

ཞི་ཉི་རུ་སྡོད་པའི་ཀྲུང་གོའི་སྤྱི་ཁྱབ་ལས་ཤག་གིས་ཨོ་སི་ཁྲུ་ལི་ཡའི་ཉེན་རྟོག་ཕྱོགས་ནས་ཤེས་རྟོགས་བྱས་པར་གཞིགས་ན། མིག་སྔར་ཉེན་རྟོག་ཕྱོགས་ལ་ཀྲུང་གོའི་སྤྱི་དམངས་ཤི་རྨས་བྱུང་བའི་སྙན་ཞུ་འབྱོར་མེད་པ་རེད། 

ཨོ་སི་ཁྲུ་ལི་ཡའི་ཞིན་ནན་ཝེའར་ཧྲི་ཀྲོའུ་ཉེན་རྟོག་ཕྱོགས་ཀྱིས་ཉེན་རྟོག་གནས་ཚུལ་གསར་ཤོས་ཀྱི་བརྡ་ཁྱབ་ནང་བཤད་རྒྱུར། འཇབ་རྒོལ་དོན་རྐྱེན་ཁྲོད་བུད་མེད4དང་སྐྱེས་པ་གཅིག་ས་གནས་དེ་གར་རྐྱེན་ལམ་དུ་ཤོར་བ་དང་། བུད་མེད་གཞན་ཞིག་ལ་རྨས་སྐྱོན་ཚབས་ཆེན་ཕོག་པས་སྨན་ཁང་དུ་རྐྱེན་ལམ་དུ་ཤོར་བ་རེད། མིག་སྔར་ད་དུང་མི8ལ་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད་པ་དེའི་ནང་ཟླ9ལ་སླེབས་པའི་ཕྲུ་གུ་ཅིག་ཀྱང་ཡོད་པ་རེད། 

ཉེན་རྟོག་ཕྱོགས་ཀྱིས་བཤད་རྒྱུར། འཇབ་རྒོལ་བྱེད་མཁན་ནི་ལོ40ཅན་གྱི་སྐྱེས་པ་ཞིག་རེད། ཉེན་རྟོག་ཕྱོགས་ཀྱིས་ཁོས་ཁེར་རྐྱང་དུ་བྱ་སྤྱོད་སྤེལ་བ་ཐོག་མར་ངོས་འཛིན་བྱས་པ་དང་། སྤྱི་དམངས་ལ་མིག་སྔར་ཉེན་ཁ་འབྱུང་མི་སྲིད་པར་ངོས་འཛིན་བྱས་ཡོད་པ་རེད། 

ཨོ་སི་ཁྲུ་ལི་ཡའི་ཙུང་ལི་ཨའར་པ་ཉི་སི་ཡིས་དགོང་མོར་བསྡུས་པའི་གསར་འགོད་པའི་ཚོགས་འདུའི་སྟེང་བསྟན་དོན། དེ་ནི“ཁྱད་པར་མེད་པའི་སྒོ་ནས་ཉེས་མེད་དམངས་ཚོགས་ལ་དམིགས་པའི་འཇིགས་སུ་རུང་བའི་གཏུམ་སྤྱོད་བྱ་སྤྱོད་ཅིག་རེད”ཟེར། 

ཨོ་སི་ཁྲུ་ལི་ཡའི་ཞིན་ནན་ཝེའར་ཧྲི་ཀྲོའུ་ཉེན་རྟོག་ཕྱོགས་ཀྱིས་ཚེས13ཉིན་བཤད་རྒྱུར། ཉིན་དེའི་ཕྱི་དྲོར་སྐྱེས་པ་ཞིག་ཚོང་ར་ཞིག་ཏུ་འཛུལ་ནས་བཟུང་ཡོད་པའི་མཚོན་ཆ་སྤྱད་དེ་མི་རྣམས་ལ་འཇབ་རྒོལ་བྱས་པ་རེད། དེའི་རྗེས་སུ་གནས་དེར་ཡོང་བའི་བུད་མེད་ཉེན་རྟོག་པ་ཞིག་གིས་འཇབ་རྒོལ་བྱེད་མཁན་བསད་པ་རེད། 

ཤ་བོ་གསེར་མཚོས་བསྒྱུར།