ཨ་མེ་རི་ཁ་དང་དབྱི་སི་རལ་གྱི་རྒྱལ་སྲུང་པུའུ་ཀྲང་གིས་ཕན་ཚུན་བར་ཁ་པར་བཏང་ནས་ཨ་མེ་རི་ཁས་དབྱི་སི་རལ་ལ་རྒྱབ་སྐྱོར་བརྟན་པོ་བྱ་རྒྱུ་བསྐྱར་སྒྲོག་བྱས།
2024.04.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ4པའི་ཚེས13ཉིན། ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡི་མགྲིན་ཚབ་པ་ལའེ་ཏི་ཡིས་གསལ་བསྒྲགས་སྤེལ་ཏེ། ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡི་པུའུ་ཀྲང་ཨའོ་ཟི་ཐིན་གྱིས་ཉིན་དེར་དབྱི་སི་རལ་གྱི་རྒྱལ་སྲུང་པུའུ་ཡི་པུའུ་ཀྲང་ཅཱ་ལན་ཐི་ལ་ཁ་པར་བཏང་ནས། ཕྱོགས་གཉིས་ཀས་དབུས་ཤར་ས་ཁུལ་ལ་འཕྲད་པའི“ཁ་ཚ་དགོས་གཏུག་གི་འཇིགས་སྐུལ”ལ་གྲོས་བསྡུར་བྱས་པ་དང་། ཨ་མེ་རི་ཁ་ཕྱོགས་ཀྱིས་དབྱི་སི་རལ་གྱིས་དབྱི་ལང་གི་འཇབ་རྒོལ་འགོག་པར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་པ་བསྐྱར་སྒྲོག་བྱས།

གསལ་བསྒྲགས་ནང་ཨའོ་ཟི་ཐིན་གྱིས་ཅཱ་ལན་ཐི་ལ་ཨ་མེ་རི་ཁས་དབྱི་སི་རལ་གྱི་འགོག་སྲུང་བྱ་སྤྱོད་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ལ། དབྱི་སི་རལ་ཕྱོགས་ཀྱིས་ཨ་མེ་རི་ཁའི་རྒྱབ་སྐྱོར་ལ་བརྟེན་ནས། དབྱི་ལང་དང་དེ་བཞིན“ས་ཁུལ་གྱི་ལས་ཚབ་པའི”འཇབ་རྒོལ་གང་རུང་འགོག་རྒོལ་བྱས་ཆོག་ཟེར།

གཞན་ཡང་ཚེས13ཉིན། ཨ་མེ་རི་ཁའི་སྐུད་ཡོད་བརྙན་འཕྲིན་གསར་འགྱུར་དྲ་བའི་སྟེང་། ཨ་མེ་རི་ཁའི་རྒྱལ་སྲུང་དཔོན་རིགས་ཀྱི་སྐད་ཆ་དྲངས་ནས་གནས་ཚུལ་སྤེལ་བ་ལྟར་ན། དབུས་ཤར་ས་ཁུལ་དུ་གནས་པའི་ཨ་མེ་རི་ཁའི་དམག་གིས་དབྱི་ལང་གིས་དབྱི་སི་རལ་གྱི་དམིགས་འབེན་ལ་དམིགས་ནས་འཕེན་གཏོང་བྱས་པའི་མི་མེད་གནམ་གྲུ་མུ་མཐུད་གཏོར་ཕམ་བཏང་ཡོད་ཟེར། དུས་མཚུངས་སུ། ཨ་མེ་རི་ཁའི་དམག་གིས་དུས་དང་རྣམ་པ་ཀུན་ཏུ་དབྱི་སི་རལ་ལ་འགོག་སྲུང་གི་རྒྱབ་སྐྱོར་སྔར་ལས་གང་མང་བྱ་རྒྱུ་ཡིན་ལ། ས་ཁུལ་དེར་ལས་འགན་སྒྲུབ་པའི་ཨ་མེ་རི་ཁའི་དམག་མི་ལ་སྲུང་སྐྱོབ་བྱ་རྒྱུ་ཡིན་ཟེར།

བན་དེ་སྐྱབས་ཀྱིས་བསྒྱུར།