དབྱི་ལང་གིས་དབྱི་སི་རལ་གྱི་དམིགས་འབེན་ལ་འཕུར་མདེལ་དང་མི་མེད་འཕྲུལ་ཆས་འཕེན་གཏོང་བྱ་རྒྱུ་ཁྱབ་སྒྲོག་བྱས།
2024.04.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

དབྱི་ལང་དབྱི་སི་ལན་གསར་བརྗེའི་སྐུ་སྲུང་རུ་ཁག་གིས་ས་དེའི་དུས་ཚོད་ཚེས14ཉིན་གྱི་ཐོ་རེངས་གསལ་བསྒྲགས་སྤེལ་ཏེ། དབྱི་སི་རལ་གྱི་དམིགས་འབེན་ལ་འཕུར་མདེལ་དང་མི་མེད་གནམ་གྲུ་བཅུ་ཕྲག་འགའ་འཕངས་པ་ཁྱབ་སྒྲོག་བྱས།

དབྱི་ལང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་གསར་འགྱུར་ཁང་གིས་གསལ་བསྒྲགས་དྲངས་ནས་བཤད་རྒྱུར། དབྱི་སི་ལན་གསར་བརྗེའི་སྐུ་སྲུང་རུ་ཁག་གི་མཁའ་འགྲུལ་འཇིག་རྟེན་འཕུར་སྐྱོད་དཔུང་སྡེ་ཡིས་ཕ་ལེ་སི་ཐན་གྱི་བཙན་བཟུང་མངའ་ཁོངས་ནང་གི་དབྱི་སི་རལ་གྱི་དམིགས་འབེན་ལ་འཕུར་མདེལ་དང་མི་མེད་གནམ་གྲུ་བཅུ་ཕྲག་འགའ་འཕངས་ནས་འཇབ་རྒོལ་བྱས་དོན་ནི། དབྱི་སི་རལ་གྱིས“ཉེས་སྤྱོད”མང་པོ་ཞིག་བཟོས་པ་ལ་དམིགས་བཙུགས་ཏེ་སྤེལ་བ་ཡིན་ལ། དེའི་ནང་ཟླ4ཚེས1ཉིན་སི་རི་ཡར་སྡོད་པའི་དབྱི་ལང་གི་གཞུང་ཚབ་ཁང་ལ་འཕུར་མདེལ་གྱིས་འཇབ་རྒོལ་བྱས་ནས། དབྱི་སི་རལ་གྱི་འཇབ་རྒོལ་དོན་རྐྱེན་དེས་སི་རི་ཡར་ཡོད་པའི་དབྱི་ལང་གི་བཀོད་འདོམས་དཔོན་དང་དམག་དོན་བློ་འདྲི་བ་དུ་མ་ཞིག་བསད་ཡོད་པ་ཚུད་ཡོད་ཟེར།

ཚེས13ཉིན་གྱི་དགོང་མོ། དབྱི་སི་རལ་དམག་ཕྱོགས་ཀྱིས་གསལ་བསྒྲགས་སྤེལ་ཏེ། དུས་ཡུན་རིང་བོ་མ་འགོར་བའི་སྔོན་ལ། དབྱི་ལང་གིས་ཁོ་ཚོའི་མངའ་ཁོངས་ནས་དབྱི་སི་རལ་ལ་མི་མེད་གནམ་གྲུ་འཕེན་གཏོང་བྱས་ཡོད་ཅེས་བཤད། དབྱི་སི་རལ་དམག་ཕྱོགས་ཀྱི་མགྲིན་ཚབ་པ་ཧ་ཅཱ་ལིས་ཀྱིས་བརྙན་འཕྲིན་ལས་ཁུངས་ནས་གསལ་བསྒྲགས་སྤེལ་ཏེ། དབྱི་ལང་གིས་འཕེན་གཏོང་བྱས་པའི་མི་མེད་གནམ་གྲུ་ཆུ་ཚོད་ཁ་ཤས་འགོར་རྗེས་དབྱི་སི་རལ་གྱིི་རྒྱལ་ཁོངས་སུ་འབྱོར་ངེས་ཡིན་པས། དབྱི་སི་རལ་དམག་གིས་ནུས་ཤུགས་ཡོད་རྒུས་བཀག་འགོག་བྱ་རྒྱུ་ཡིན་ཟེར། དབྱི་སི་རལ་འགྲིམ་འགྲུལ་པུའུ་ཡིས་ཉིན་དེའི་དགོང་མོར་གསལ་བསྒྲགས་སྤེལ་ཏེ། དབྱི་སི་རལ་གྱིས་ས་དེའི་དུས་ཚོད་ཚེས14ཉིན་གྱི་ནམ་གུང་གི་སྐར་མ30ནས་ཞོགས་པའི་དུས་ཚོད7བར་མངའ་ཁོངས་བར་སྣང་གི་སྒོ་རྒྱག་རྒྱུ་ཡིན་ཞེས་བཤད།

སི་རི་ཡར་ཡོད་པའི་དབྱི་ལང་གི་གཞུང་ཚབ་ཆེན་མོ་ཁང་ལ་ཟླ4པའི་ཚེས1ཉིན་འཕུར་མདེལ་གྱིས་འཇབ་རྒོལ་བྱས་ནས་ཉུང་མཐར་ཡང་མི13རྐྱེན་ལམ་དུ་ཤོར་ཡོད། དབྱི་ལང་དང་སི་རི་ཡས་འཇབ་རྒོལ་དོན་རྐྱེན་དེ་དབྱི་སི་རལ་གྱིས་བསླངས་པ་ཡིན་ཞེས་བཤད་པ་དང་། དབྱི་ལང་གི་འགོ་ཁྲིད་པས་འཁོན་ལན་སློག་ཆེད་རྡུང་རྡེག་གཏོང་དགོས་ཞེས་ཨུ་ཚུགས་མཐའ་འཁྱོལ་བྱས།

བན་དེ་སྐྱབས་ཀྱིས་བསྒྱུར།