བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་དབྱི་ལིང་གིས་དབྱི་སི་རལ་དུ་འཇབ་རྒོལ་བྱེད་པའི་ཐད་ནས་བྲེལ་མྱུར་གྲོས་ཚོགས་བསྡུས།
2024.04.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས14ཉིན་དབྱི་ལིང་གིས་དབྱི་སི་རལ་ལ་འཇབ་རྒོལ་བྱེད་པའི་ཐད་ནས་བྲེལ་མྱུར་གྲོས་ཚོགས་བསྡུས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་གཏམ་བཤད་སྤེལ་སྐབས་ཕྱོགས་སོ་སོས་ཚད་ཆེན་པོའི་སྒོ་ནས་རང་ཚོད་འཛིན་དགོས་པའི་སྐུལ་མ་བཏང་།

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། དབུས་ཤར་ས་ཁུལ་དུ་འཁྲུག་རྩོད་ཆེན་པོ་འབྱུང་བའི་ཉེན་ཁ་ཡོད་ཅིང་། ད་ལྟ་ནི་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་བ་དང་ཚད་ཆེན་པོའི་སྒོ་ནས་རང་ཚོད་འཛིན་པའི་དུས་ལ་བབས་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་ལས་དྲག་ཤུགས་ལ་བརྟེན་ནས་རྒྱལ་ཁབ་གང་རུང་གི་མངའ་ཁོངས་ཆ་ཚང་ཡོང་བ་དང་ཆབ་སྲིད་སྒེར་ཚུགས་ལ་གནོད་སྐྱེལ་བར་གཏན་འགོག་བྱས་ཡོད་པ་དང་། དེའི་ཞོར་དུ་ཕྱི་འབྲེལ་ཁང་དང་ཕྱི་འབྲེལ་མི་སྣར་གནོད་པ་བཟོ་མི་རུང་བའི་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་རྩ་དོན་ལ་ངེས་པར་དུ་བརྩི་འཇོག་བྱེད་དགོས་ཟེར།

ཀུའུ་ཐི་ལོས་སི་ཡིས་ཕྱོགས་སོ་སོས་གཞི་རྒྱ་ཆེ་བའི་དམག་དོན་འཁྲུག་རྩོད་འབྱུང་སྲིད་པའི་འགུལ་སྐྱོད་གང་རུང་སྔོན་འགོག་བྱེད་དགོས་པའི་སྐུལ་མ་བཏང་། ཁོས་བཤད་རྒྱུར། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འབྲེལ་ཡོད་ཕྱོགས་སོ་སོའི་བར་འབྲེལ་འདྲིས་གང་ལེགས་བྱས་ཏེ་གནས་བབ་སྔར་ལས་ཛ་དྲག་ཏུ་འགྱུར་བར་སྔོན་འགོག་བྱེད་པ་དང་། ཅཱ་ཧྲ་ས་ཁུལ་དུ་མི་ཆོས་རིང་ལུགས་ཀྱི་འཁྲུག་རྩོད་མྱུར་དུ་མཚམས་འཇོག་པ་མངོན་འགྱུར་བྱེད་པར་བརྩོན་ལེན་བྱས་ནས། བཀག་འཇུག་མི་སྣ་ཕྱིར་གཏོང་བར་བརྩོན་ལེན་དང་མི་ཆོས་རྒུད་སྐྱོབ་བྱ་བ་བདེ་བླག་ངང་སྤེལ་བར་ཁག་ཐེག་བྱེད་པའི་འགན་འཁྲི་ཡོད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་དྲག་ཤུགས་མཚམས་འཇོག་པ་དང་། དབྱི་སི་རལ་དང་ལེ་པཱ་ནུན་གྱི་མཐའ་མཚམས་ས་ཁུལ་གྱི་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་བ། ཡང་བསྐྱར་མཚོ་དམར་གྱི་འགྲུལ་བཞུད་བདེ་འཇགས་གཏན་འཁེལ་བྱེད་དགོས་པའི་འགན་འཁྲི་ཡོད་ཟེར།

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། དབུས་ཤར་ས་ཁུལ་དང་འཛམ་གླིང་ཡོངས་ཀྱི་ཞི་བདེ་དང་བདེ་འཇགས་ལ་དུས་ངེས་མེད་དུ་གཏོར་བརླག་ཐེབས་བཞིན་ཡོད་ལ། དབུས་ཤར་ས་ཁུལ་དང་འཛམ་གླིང་ཡོངས་ཀྱིས་སྔར་ལས་མང་བའི་འཐབ་འཁྲུག་གི་གནོན་ཤུགས་ཐེག་ཐབས་མེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།