རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་མགོ་ཁྲིད་པས་གྲོས་ཚོགས་བསྡུས་ནས་དབྱི་ལིང་ལ་བྱེད་ཐབས་སྤྱོད་པར་མཐུན་སྦྱོར་བྱས།
2024.04.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་མགོ་ཁྲིད་པས་ཚེས14ཉིན་བརྙན་རིས་གྲོས་ཚོགས་བསྡུས་ནས། དབྱི་ལིང་གིས་དབྱི་སི་རལ་དུ་འཇབ་རྒོལ་བྱེད་པའི་ཕྱི་འབྲེལ་གྱི་འཁོན་ལན་སློག་པའི་བྱེད་ཐབས་ལ་མཐུན་སྦྱོར་བྱས་པ་དང་། ཕྱོགས་སོ་སོས་རང་ཚོད་འཛིན་དགོས་པར་མ་ཟད་འགུལ་སྐྱོད་སྤེལ་ནས་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་དགོས་པའི་འབོད་སྐུལ་བཏང་།

ཐེངས་འདིའི་གྲོས་ཚོགས་ནི་རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་དབྱི་ཐཱ་ལེ་ཡི་ཙུང་ལི་མཱེ་ལོ་ནེ་ཡིས་བསྡུས་པ་ཡིན་ཞིང་། རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་མགོ་ཁྲིད་པས་ཚོགས་འདུ་གྲོལ་རྗེས་སྤེལ་བའི་མཉམ་འབྲེལ་གྱི་གསལ་སྒྲོག་ནང་བཤད་རྒྱུར། རྒྱལ་ཁབ་བདུན་གྱི་མགོ་ཁྲིད་པས་མུ་མཐུད་དུ་གནས་བབ་གཏན་འཇགས་ཡོང་བར་འབད་འབུངས་བྱས་ནས། གནས་བབ་སྔར་ལས་ཛ་དྲག་ཏུ་འགྱུར་བར་སྔོན་འགོག་བྱེད་རྒྱུ་ཡིན་ལ། ས་ཁུལ་དེའི་གཏན་འཇགས་ལ་གཏོར་བརླག་གཏོང་བའི་བྱ་སྤྱོད་གསར་བར་རྒོལ་ལན་སྤྲོད་རྒྱུ་ཡིན་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཚོགས་ཞུགས་ཕྱོགས་ཁག་སོ་སོས་དབྱི་ལིང་གིས་དབྱི་སི་རལ་ལ་འཇབ་རྒོལ་བྱེད་པར་རྒོལ་གཏམ་དྲག་པོ་བཏང་བ་དང་། དབྱི་སི་རལ་དང་དེའི་མི་དམངས་ལ་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན་པར་མ་ཟད། དབྱི་སི་རལ་གྱི་བདེ་འཇགས་ཐད་ཀྱི་དམ་བཅའ་བསྐྱར་སྒྲོག་བྱས།

རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་མགོ་ཁྲིད་པས་མཉམ་ལས་ལ་ཤུགས་སྣོན་བྱས་ནས་ཅཱ་ཧྲའི་ཉམས་ཉེན་མཇུག་སྒྲིལ་དུ་འཇུག་རྒྱུ་ཁས་ལེན་བྱས་པ་དང་། དེའི་ནང་རྒྱུན་མཐུད་ཀྱི་འཁྲུག་རྩོད་མཚམས་འཇོག་པ་དང་བཀག་འཇུག་ཐེབས་པའི་མི་སྣ་ཕྱིར་གཏོང་བ་མངོན་འགྱུར་བྱེད་པ་དང་། དེ་མིན་ཕཱ་ལེ་སི་ཐན་གྱི་མིར་སྔར་ལས་མང་བའི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་པ་སོགས་འདུས།

ཨ་མེ་རི་ཁའི་སྲིད་གཞུང་གི་མཐོ་རིམ་དཔོན་པོ་ཞིག་གིས་ཚེས་བཅུ་བཞི་ཉིན་ཨ་མེ་རི་ཁའི་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་ནས་བསྡུས་པའི་སྨྱན་བྱད་ཀྱི་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་མགོ་ཁྲིད་པས་དབྱི་ལིང་གི་འཇབ་རྒོལ་ལ་ཇི་ལྟར་ཁ་གཏད་འཇལ་བའི་ཐད་ནས་ཞིབ་ཚགས་ཡིན་ལ་བློ་སྒོ་འབྱེད་པའི་རང་བཞིན་ལྡན་པའི་གྲོས་བསྡུར་བྱས་པ་དང་། མཐུན་སྦྱོར་གཅིག་གྱུར་སྒོས་དབྱི་ལིང་ལ་བཀག་སྡོམ་བྱེད་པ་ནི་གྲོས་བསྡུར་གྱི་ཁག་ཅིག་རེད། དཔོན་པོ་དེས་བསྟན་དོན། ཕྱོགས་སོ་སོའི་བར་དབྱི་ལིང་ལ་དམིགས་པའི་བྱེད་ཐབས་གང་རུང་ཐད་སྐར་བཞིན་ཁྱད་བསལ་བྱས་མེད་པའི་བཀག་རྒྱ་ཡོད་ཟེར།

དབྱི་ཐཱ་ལེའི་ཕྱི་འབྲེལ་བློན་ཆེན་ཐཱ་ཡེ་ནེ་ཡིས་བཤད་རྒྱུར། རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་ཕྱི་འབྲེལ་བློན་ཆེན་དག་གིས་ཟླ་བཞི་བའི་ཚེས་བཅུ་བདུན་ཉིན་ནས་ཚེས་བཅུ་དགུ་ཉིན་བར་དབྱི་ཐཱ་ལེའི་ཁཱ་ཕུའུ་ལི་གླིང་ཕྲན་ནས་གྲོས་ཚོགས་བསྡུས་ཏེ་དབུས་ཤར་ས་ཁུལ་གྱི་གནས་བབ་ལ་གྲོས་བསྡུར་བྱེད་རྒྱུ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།