ཨུ་རུ་སི་དང་དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་གྱིས་ཁ་པར་བརྒྱུད་དེ་དབུས་ཤར་ས་ཁུལ་གྱི་གནས་བབ་ལ་གྲོས་བསྡུར་བྱས།
2024.04.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་དང་དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཨ་པུའུ་ཏུའུ་ལཱ་ཞེ་དབྱང་གཉིས་ཀྱིས་ཚེས14ཉིན་ཁ་པར་བཏང་སྟེ། གཙོ་བོ་དབུས་ཤར་ས་ཁུལ་གྱི་གནས་བབ་ལ་གྲོས་བསྡུར་བྱས།

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཚེས་བཅུ་བཞི་ཉིན་སྤེལ་བའི་གནས་ཚུལ་ལྟར་ན། དབྱི་ལིང་ཕྱོགས་ཀྱིས་གྲོས་གཞི་བཏོན་པ་ལྟར། ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཉིན་དེར་ཨ་པུའུ་ཏུའུ་ལའ་ཞེ་དབང་ལ་ཁ་པར་བཏང་། ཨ་པུའུ་ཏུའུ་ལཱ་ཞེ་དབྱང་གིས་ལཱ་ཧྥུའུ་ལོ་ཧྥུའུ་ལ་དབྱི་ལིང་གིས་དབྱི་སི་རལ་གྱིས་ཟླ་བཞི་བའི་ཚེས་གཅིག་ཉིན་སི་རི་ཡཱ་རུ་སྡོད་པའི་དབྱི་ལིང་གི་གཞུང་ཚབ་ཁང་ལ་དམིགས་པའི་འཕུར་མདའི་འཇབ་རྒོལ་ཐད་ནས་སྤྱད་པའི་བྱེད་ཐབས་སྙན་ཞུ་བྱས་ཟེར།

བསྒྲགས་པ་ལྟར་ན། ས་ཁུལ་གྱི་གནས་བབ་སྔར་ལས་ཛ་དྲག་ཏུ་འགྱུར་བ་དང་ཉེན་ཁ་ཆེ་བའི་དཀྲུག་འཕེན་བྱ་སྤྱོད་ལས་དབུས་ཤར་ས་ཁུལ་གྱི་ཛ་དྲག་གི་གནས་བབ་སྔར་ལས་ཇེ་སྡུག་ཏུ་གཏོང་སྲིད། རིགས་དེ་མཚུངས་ཀྱི་གནས་ཚུལ་འབྱུང་བར་སྔོན་འགོག་དང་དེའི་འབྱུང་རྩ་མེད་པར་གཏོང་བ་དེ་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་དམིགས་སུ་བཀར་ནས་དོ་སྣང་བྱེད་པའི་གྲོས་གཞིར་གྱུར་ཡོད་ཟེར།

ཕྱོགས་གཉིས་ཀྱིས་ནན་གྱིས་བསྟན་དོན། ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་ངེས་པར་དུ་མཚམས་འཇོག་དགོས་པ་དང་། དེའི་ཞོར་དུ་དགོས་གལ་ཆེ་བའི་མི་ཆོས་རིང་ལུགས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས་པར་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཕཱ་ལེ་སི་ཐན་དང་དབྱ་སི་རལ་གྱི་འཁྲུག་རྩོད་ཐག་གཅོད་བྱེད་པའི་འབྲེལ་ཡོད་གྲོས་ཆོད་གཞིར་བཟུང་ནས་ཐད་ཀར་གྲོས་མོལ་སྤེལ་བར་ཆ་རྐྱེན་བཟང་བོ་བསྐྲུན་དགོས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།