མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱིས་སུའུ་ཏན་ལ་མྱུར་མོར་གཞི་རྒྱ་ཆེ་བའི་ཞིང་ལས་རྒྱབ་སྐྱོར་འདོན་སྤྲོད་བྱེད་དགོས་པའི་འབོད་སྐུལ་བཏང་།
2024.04.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

སུའུ་ཏན་གྱི་འཁྲུག་རྩོད་བྱུང་ནས་ལོ་ངོ་གཅིག་འགོར་བའི་སྐབས་སུ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱི་སུའུ་ཏན་དུ་སྡོད་པའི་འཐུས་མི་དབྱང་ཧོང་ཅེ་ཡིས་ཚེས་བཅོ་ལྔ་ཉིན་ཟླ་དྲུག་པའི་འདེབས་འཛུགས་དུས་ཚིགས་མགོ་མ་བརྩམས་གོང་། སུའུ་ཏན་ལ་གཞི་རྒྱ་ཆེ་བའི་ཞིང་ལས་རྒྱབ་སྐྱོར་བྲེལ་མྱུར་འདོན་སྤྲོད་བྱས་ནས། སུའུ་ཏན་གྱི་ལྟོགས་སྡུག་ཉམས་ཉེན་སྔར་ལས་ཚབས་ཆེན་དུ་འགྱུར་བར་སྔོན་འགོག་བྱེད་དགོས་ཟེར།

དབྱང་ཧོང་ཅེ་ཡིས་ཉིན་དེར་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་བདེ་འཇགས་ཀྱི་དུས་རིམ་ཕྱོགས་བསྡུས་རིགས་དགར་ལྟར་ན། ལོ་ཏོག་བསྡུ་བའི་དུས་ཚིགས་སྔོན་མ་ནི་ཉིས་སྟོང་ཉེར་གསུམ་ལོའི་ཟླ་བཅུ་བ་ནས་ཉིས་སྟོང་ཉེར་བཞི་ལོའི་ཟླ་གཉིས་པའི་བར་ཡིན་ཞིང་། སུའུ་ཏན་རྒྱལ་ཡོངས་སུ་མི་བྱེ་བ་གཅིག་དང་ས་ཡ་བདུན་འབུམ་བདུན་ཙམ་འབྲུ་རིགས་བདེ་འཇགས་མིན་པའི་གནས་བབ་ཚབས་ཆེན་ལ་གནས་པ་དང་། ལོ་ལྔའི་མན་གྱི་བྱིས་པ་ས་ཡ་གསུམ་དང་འབུམ་ལྔ་ཙམ་ལ་འཚོ་བཅུད་མི་འདང་བའི་གནས་ཚུལ་ཚབས་ཆེན་བ་དང་། དེའི་ནང་བྱིས་པ་འབུམ་བདུན་འཚོ་བཅུད་ཀྱིས་མི་འདང་བའི་གནས་བབ་ཚབས་ཆེན་ལ་གནས་ཡོད་ཟེར།

དབྱང་ཧོང་ཅེ་ཡིས་བཤད་རྒྱུར། འཁྲུག་རྩོད་ཀྱི་ཤུགས་རྐྱེན་དབང་གིས་ཉིས་སྟོང་ཉེར་གསུམ་ལོར་སུའུ་ཏན་རྒྱལ་ཡོངས་ཀྱི་འབྲུ་རིགས་ཐོན་ཚད་ཚོད་དཔག་བྱས་ན་ཏུན་ས་ཡ་བཞི་དང་འབུམ་གཅིག་ཁྲི་གཅིག་སྟོང་དྲུག་ཡིན་པ་དང་། དུས་མཉམ་ལས་བརྒྱ་ཆའི་ཞེ་དྲུག་ཇེ་དམའ་རུ་སོང་ཡོད་ལ། སྔོན་གྱི་ལོ་ལྔའི་ཆ་སྙོམས་ཐོན་ཚད་ལས་བརྒྱ་ཆའི་བཞི་བཅུ་ཇེ་དམའ་རུ་སོང་ཡོད། རྒྱལ་ཁབ་དེའི་འབྲུ་མཛོད་ཀྱི་མཚན་སྙན་ཡོད་པའི་ཅེ་ཅི་ལཱ་མངའ་སྡེའི་འབྲུ་རིགས་ཐོན་ཚད་ལྡབ་འགྱུར་གྱིས་ཇེ་དམའ་རུ་སོང་ཡོད་ལ། ཏཱ་ཨར་ཧྥུའུ་ཨར་ནུབ་མ་མངའ་སྡེ་རུ་འབྲུ་རྡོག་གཅིག་ཀྱང་ཐོན་མེད། ཁཱ་ཐུའུ་མུའུ་མངའ་སྡེ་དང་ཏཱ་ཨར་ཧྥུའུ་ཨར་ས་ཁུལ། ཁི་ཨར་ཏའོ་ཧྥན་ས་ཁུལ་བཅས་ནི་འབྲུ་རིགས་བདེ་འཇགས་ཆེས་ཚབས་ཆེན་བའི་ས་ཁུལ་རེད།

དབྱང་ཧོང་ཅེ་ཡིས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱིས་ན་ནིང་སུའུ་ཏན་གྱི་ཞིང་བའི་ཁྱིམ་ཚང་ས་ཡ་གཅིག་ལ་ཞིང་ལས་ལོ་ཏོག་གི་ས་བོན་བྱིན་པ་དང་། དེ་ལས་ཐོན་པའི་འབྲུ་རིགས་ཀྱིས་མི་བྱེ་བ་གཅིག་དང་ས་ཡ་གསུམ་ལྷག་གི་ལོ་གཅིག་གི་ཁ་ཟས་འདང་ཐུབ། ད་ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱིས་མེ་སྒོར་དུང་ཕྱུར་གཅིག་དང་ས་ཡ་བཞིའི་མ་དངུལ་གྱི་རྒྱབ་སྐྱོར་འཚོལ་ཞིབ་བྱས་ནས། སུའུ་ཏན་གྱི་མི་ས་ཡ་དགུར་ཞིང་ལས་ཐོན་སྐྱེད་ཀྱི་དངུལ་གཏོང་ཐད་བཀོལ་བའི་འཆར་གཞི་ཡོད་ཀྱང་། མིག་སྔར་བསྡུས་པའི་མ་དངུལ་གྱིས་དམིགས་འབེན་དེའི་བརྒྱ་ཆའི་བཅུ་ཡང་ཟིན་མེད། ཟླ་དྲུག་པའི་འདེབས་འཛུགས་དུས་ཚིགས་གཙོ་བོའི་སྔོན་ལ་ཐག་གཅོད་ཤུགས་ཚད་ཇེ་ཆེར་མ་བཏང་ན། སུའུ་ཏན་གྱི་ལྟོགས་སྡུག་དང་འབྲུ་རིགས་ཀྱི་ཉམས་ཉེན་སྔར་ལས་ཚབས་ཆེན་ཏུ་འགྱུར་སྲིད་ཟེར།

དབྱང་ཧོང་ཅེ་ཡིས་བལྟས་ན། སུའུ་ཏན་ལ་འབྲུ་རིགས་དང་མ་དངུལ་འདོན་སྤྲོད་བྱས་པ་ཁོ་ནས་ས་དེའི་འབྲུ་རིགས་ཐོན་ཚད་མི་འདང་བ་ལས་བཟོས་པའི་ཆད་ཁ་བསྐང་ཐབས་མེད་ལ། ལོ་ཏོག་གི་ཐོན་སྐྱེད་དང་ཕྱུགས་ཟོག་བཀོད་སྒྲིག ཕྱུགས་སྨན་ཞབས་ཞུ་འདོན་སྤྲོད་སོགས་ཐེ་གཏོགས་བྱེད་ཐབས་མང་བོ་བརྒྱུད་དེ་སུའུ་ཏན་གྱི་ལྟོགས་སྡུག་མྱོང་བའི་ཉམས་ཉེན་ཞི་འཇགས་སུ་གཏོང་དགོས་པར་འདོད།


བསོད་ནམས་ཚེ་རིང་གིས་བསྒྱུར།