དབྱི་སི་རལ་གྱི་དམག་དཔུང་གི་སྤྱི་ཁྱབ་ཇུས་འདོན་པས་དབྱི་ལིང་གི་འཇབ་རྒོལ་ལ་རྒོལ་ལན་སྤྲོད་སྲིད་པའི་ཚུལ་བསྟན།
2024.04.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གི་སྤྱི་ཁྱབ་ཇུས་འདོན་པ་ཧཱ་ལའེ་ཝེ་ཡིས་ཚེས་བཅོ་ལྔ་ཉིན་བསྟན་དོན། དབྱི་ལིང་གིས་དབྱི་སི་རལ་ལ་འཕུར་མདའ་དང་མི་བསྡད་མེད་པའི་གནམ་གྲུའི་འཇབ་རྒོལ་བྱས་པ་ནི་སྔར་མེད་ཀྱི་སྣང་ཚུལ་ཞིག་ཡིན་པས་དེར་རྒོལ་ལན་སྤྲོད་ངེས་ཡིན་ཟེར།

ཧཱ་ལའེ་ཝེ་ཡིས་དབྱི་སི་རལ་ལྷོ་ཕྱོགས་ཀྱི་ནེ་ཝ་ཐིས་མུའུ་མཁའ་དམག་རྟེན་གཞི་ནས་གོང་གི་གཏམ་བཤད་དེ་སྤེལ་བ་ཡིན་ཡང་། ཁོས་བྱེ་བྲག་ཏུ་གསལ་བཤད་བྱས་མེད། ནེ་ཝ་ཐིས་མུའུ་མཁའ་དམག་རྟེན་གཞི་ལ་ཚེས་བཅུ་བཞི་ཉིན་གྱི་ཞོགས་པར་དབྱི་ལིང་གིས་གཏོང་འཕེན་བྱས་པའི་འཕུར་མདའ་ཕོག་ནས་གཏོར་བརླག་ཐེབས་ཡོད།

དབྱི་སི་རལ་གྱི་བརྙན་འཕྲིན་འཕྲིན་ལམ་བཅུ་གཉིས་པས་ཚེས་བཅོ་ལྔ་ཉིན་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་འཐབ་འཁྲུག་མགོ་ཁྲིད་ཚན་ཆུང་གིས་དབྱི་ལིང་གི་འཇབ་རྒོལ་ལ་རྒོལ་ལན་དྲག་པོ་གཏོང་རྒྱུའི་ཆོད་དོན་གསལ་བོ་བཏོན་ཡོད་པ་དང་། དམིགས་ཡུལ་ནི་དབྱི་ལིང་གིས་གཞི་རྒྱ་དེ་འདྲའི་ཆེ་བའི་སྒོ་ནས་དཔུང་འཇུག་བྱས་པར་དབྱི་སི་རལ་གྱིས་རྣམ་འགྱུར་ཅི་ཡང་མ་བསྟན་པར་བསྐྱུར་མི་སྲིད་པ་མཚོན་ཡོད། དེའི་ཞོར་དུ་དབྱི་སི་རལ་གྱིས་ཕྱིར་རྒོལ་ལན་སྤྲད་པ་ལས་ས་ཁུལ་གྱི་འཐབ་འཁྲུག་འབྱུང་བའམ་རང་ཉིད་ལ་རོགས་རམ་བྱས་ནས་དབྱི་ལིང་ལ་ངོ་རྒོལ་བྱེད་པའི་མནའ་འབྲེལ་ལ་གཏོར་བརླག་ཐེབས་པར་བྱེད་འདོད་མེད་ཟེར། བསྒྲགས་པ་ལྟར་ན་དབྱི་སི་རལ་གྱིས་ཨ་མེ་རི་ཁའི་བར་མཐུན་སྦྱོར་བྱས་ནས་འགུལ་སྐྱོད་སྤེལ་རྩིས་ཡོད་པ་རེད།

ཚེས་བཅུ་བཞི་ཉིན་ནས་ཚེས་བཅོ་ལྔ་ཉིན་བར། དབྱི་སི་རལ་གྱི་འཐབ་འཁྲུག་མགོ་ཁྲིད་ཚན་ཆུང་གིས་དབྱི་ལིང་གི་འཇབ་རྒོལ་ལ་སྤྱོད་སྲིད་པའི་ངོ་རྒོལ་བྱེད་ཐབས་ལ་ཐེངས་མང་བོར་གྲོས་བསྡུར་བྱས། སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་གནོན་ཤུགས་དབང་གིས་འཐབ་འཁྲུག་མགོ་ཁྲིད་ཚན་ཆུང་གི་ཁོངས་མིའི་བར་དབྱི་ལིང་ལ་རྒོལ་ལན་སྤྲོད་པའི་དུས་ཚོད་དང་གཞི་རྒྱའི་ཐད་འགལ་བ་བྱུང་ཡོད་ཟེར།

ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་གྱིས་ཚེས་བཅུ་བཞི་ཉིན་དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ལ་ཁ་པར་བཏང་སྟེ། ཨ་མེ་རི་ཁ་རྣམ་པ་གང་རུང་གི་དབྱི་ལིང་ལ་རྒོལ་ལན་སྤྲོད་པའི་འགུལ་སྐྱོད་གང་རུང་ལ་ཞུགས་མི་སྲིད་པར་མ་ཟད་དེར་ངོ་རྒོལ་བྱེད་བཞིན་ཡོད་པའི་ཚུལ་བསྟན།


བསོད་ནམས་ཚེ་རིང་གིས་བསྒྱུར།