དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཨ་པུའུ་ཏུའུ་ལཱ་ཞེ་དབྱང་གིས་ཚེས་བཅོ་ལྔ་ཉིན་སོ་སོར་དབྱིན་ཇིའི་ཕྱི་འབྲེལ་བློན་ཆེན་ཁཱ་མཱེ་ལོན་དང་ཨོ་སི་ཁྲུ་རི་ཡཱའི་ཕྱི་འབྲེལ་བློན་ཆེན་ཧྲ་ལོན་པེད་ཀི་གཉིས་ལ་ཁ་པར་གཏོང་སྐབས་བསྟན་དོན། དབྱི་ལིང་གིས་ས་ཁུལ་གྱི་ཛ་དྲག་གནས་བབ་སྔར་ལས་ཇེ་སྡུག་ཏུ་གཏོང་འདོད་མེད་ཟེར།
དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཨ་པུའུ་ཏུའུ་ལཱ་ཞེ་དབྱང་ཡིས་ཁཱ་མཱེ་ལོན་དང་ཁ་པར་གྲོས་མོལ་བྱེད་སྐབས་བསྟན་དོན། དབྱི་ལིང་གིས་ཚེས་བཅུ་བཞི་ཉིན་གྱི་ཞོགས་པར་དབྱི་སི་རལ་ལ་དམིགས་པའི་འགུལ་སྐྱོད་སྤེལ་བ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་ནང་གཏན་འཁེལ་བྱས་པའི་ཁྲིམས་མཐུན་འགོག་སྲུང་སྒྲོམ་གཞིའི་ནང་སྤེལ་བ་ཡིན་ལ། དམིགས་ཡུལ་ནི་དབྱི་སི་རལ་གྱིས་ཟླ་བཞི་བའི་ཚེས་གཅིག་ཉིན་སི་རི་ཡཱ་རུ་སྡོད་པའི་དབྱི་ལིང་གི་གཞུང་ཚབ་ཁང་ལ་འཇབ་རྒོལ་བྱས་པའི་བྱ་སྤྱོད་ལ་ཆད་གཅོད་བྱེད་པའི་ཆེད་ཡིན། དབྱི་ལིང་གིས་ས་ཁུལ་གྱི་ཛ་དྲག་གནས་བབ་སྔར་ལས་ཇེ་སྡུག་ཏུ་གཏོང་འདོད་མེད་ཀྱང་། གལ་ཏེ་དབྱི་སི་རལ་གྱིས་ཉེན་ཁའི་བྱ་སྤྱོད་སྤེལ་ན། དབྱི་ལིང་གིས་ཐེངས་རྗེས་མའི་རྒོལ་ལན་དེ་སྔར་ལས་དྲག་ཅིང་གཞི་རྒྱ་ཆེ་བ་ཞིག་ཡིན་སྲིད་ཟེར།
ཁཱ་མཱེ་ལོན་གྱིས་དབྱི་ལིང་གིས་འགུལ་སྐྱོད་སྤེལ་རྗེས་ས་ཁུལ་གྱི་ཛ་དྲག་གནས་བབ་སྔར་ལས་ཇེ་སྡུག་ཏུ་འགྲོ་བར་སེམས་ཁུར་བྱེད་པའི་ཚུལ་བསྟན་པ་དང་། དེའི་ཞོར་དུ་དབྱིན་ཇི་ཡིས་དབྱི་སི་རལ་གྱིས་སྔར་ལས་ལྷག་པའི་འགུལ་སྐྱོད་མི་སྤེལ་བའི་སྐུལ་མ་གཏོང་རྒྱུའི་ཚུལ་བསྟན།
ཨ་པུའུ་ཏུའུ་ལཱ་ཞེ་དབྱང་གིས་ཧྲ་ལོན་པེ་ཀི་དང་ཁ་པར་གྲོས་མོལ་བྱེད་སྐབས་བཤད་རྒྱུར། དབྱི་ལིང་གིས་ས་ཁུལ་གྱི་ཛ་དྲག་གནས་བབ་ཇེ་སྡུག་ཏུ་གཏན་ནས་བཏང་མྱོང་མེད་ལ། དབྱི་སི་རལ་ཕྱོགས་ཀྱིས་དབྱི་ལིང་གིས་རང་ཚོད་བཟུང་བ་གོ་ལོག་ཏུ་གོ་ཡོད་པ་འདྲ། དབྱི་ལིང་གིས་དབྱི་སི་རལ་གྱི་དམིགས་འབེན་ལ་འཇབ་རྒོལ་བྱས་པ་ནི་ཁྲིམས་མཐུན་གྱི་རང་སྲུང་དབང་ཆ་ཡིན་ཟེར།
ཧྲ་ལོན་པེ་ཀི་ཡིས་བསྟན་དོན། སྔར་ལས་ལྷག་པའི་ས་ཁུལ་གྱི་འཁྲུག་རྩོད་དེ་མི་ཚང་མར་ཕན་ཐོགས་མེད་པས། ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་ཅཱ་ཧྲ་ས་ཁུལ་གྱི་ཉམས་ཉེན་མཇུག་སྒྲིལ་ཏུ་འཇུག་དགོས་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།