ཨེ་ཅིབ་ཀྱིས་དབྱི་ལིང་དང་དབྱི་སི་རལ་གྱིས་རང་ཚོད་འཛིན་དགོས་པའི་སྐུལ་མ་བཏང་།
2024.04.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨེ་ཅིབ་ཀྱི་ཕྱི་འབྲེལ་བློན་ཆེན་ཧྲུའུ་ཁའེ་ལི་ཡིས་ཚེས་བཅུ་བཞི་ཉིན་དབྱི་ལིང་དང་དབྱི་སི་རལ་གྱིས་ཚད་ཆེན་པོས་རང་ཚོད་བཟུང་སྟེ། དབུས་ཤར་ས་ཁུལ་གྱི་གནས་བབ་སྔར་ལས་ཛ་དྲག་ཏུ་འགྱུར་བ་དང་གཏན་འཇགས་མིན་པའི་དཀྲུག་འཕེན་སྲིད་ཇུས་ལག་བསྟར་བྱེད་མི་རུང་བའི་སྐུལ་མ་བཏང་།

ཨེ་ཅིབ་ཀྱི་ཕྱི་འབྲེལ་པུའུ་ཡིས་གསལ་སྒྲོག་སྤེལ་ཏེ། ཧྲུའུ་ཁའེ་ལི་ཡིས་ཉིན་དེར་སོ་སོར་དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཨ་པུའུ་ཏུའུ་ལཱ་ཞེ་དབྱང་དང་དབྱི་སི་རལ་གྱི་ཕྱི་འབྲེལ་བློན་ཆེན་ཁཱ་ཚི་གཉིས་ལ་ཁ་པར་བཏང་། ཧྲུའུ་ཁའེ་ལི་ཡིས་བསྟན་དོན། ཨེ་ཅིབ་ཀྱིས་དབྱི་ལིང་དང་དབྱི་སི་རལ་བར་གྱི་སྔར་མེད་ཀྱི་དམག་དོན་འཁྲུག་རྩོད་བསྟུད་མར་ཛ་དྲག་ཏུ་གྱུར་བར་སེམས་ཁུར་བྱེད་བཞིན་ཡོད་པ་དང་། དེ་ལས་ས་ཁུལ་གྱི་གཏན་འཇགས་དང་མི་དམངས་ཀྱི་ཁེ་ཕན་ལ་གནོད་པ་བཟོ་སྲིད་པར་འདོད། ཨེ་ཅིབ་ཀྱིས་མཉམ་ལས་གྲོགས་པོ་དང་མཉམ་དུ་མཉམ་ལས་ཤུགས་ཚད་ཇེ་ཆེར་བཏང་ནས་མིག་སྔའི་ཉམས་ཉེན་ཞི་འཇགས་སུ་གཏོང་རྩིས་ཡོད་ཟེར།

ཨེ་ཅིབ་ཕྱི་འབྲེལ་པུའུ་ཡིས་སྤེལ་བའི་གསལ་སྒྲོག་གཞན་པ་ལྟར་ན། ཧྲུའུ་ཁའེ་ལི་ཡིས་ཉིན་དེར་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་པུའུ་ལིན་ཁུན་ལ་ཁ་པར་བཏང་སྟེ། ཕྱོགས་གཉིས་ཀྱིས་གནས་བབ་ཛ་དྲག་ཏུ་འགྱུར་བར་བཀག་འགོག་དང་ས་ཁུལ་གྱི་འཁྲུག་རྩོད་རྒྱ་ཡན་དུ་འགྲོ་བའི་ཉེན་ཁ་སྔོན་འགོག་བྱེད་པའི་ཐབས་ལམ་ཐད་ནས་བསམ་འཆར་བརྗེ་རེས་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།