མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་རིགས་ཀྱིས་ཡེ་མིན་གྱི་བདེ་འཇགས་གནས་བབ་ལ་མཐོང་ཆེན་བྱེད་དགོས་པའི་འབོད་སྐུལ་བཏང་།
2024.04.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡེ་མིན་གནད་དོན་གྱི་ཆེད་མངག་ཕོ་ཉ་ཀི་ལོན་ཏི་པེ་ལི་ཡིས་ཚེས་བཅོ་ལྔ་ཉིན་བསྟན་དོན། ས་ཁུལ་གྱི་གནས་བབ་ཛ་དྲག་ཏུ་གྱུར་བ་ལས་ཡེ་མིན་གྱི་གཏན་འཇགས་སྣང་མེད་དུ་བསྐྱུར་ན་ཉེན་ཁའི་མཇུག་འབྲས་འབྱུང་སྲིད་ཟེར།

ཀི་ལོན་ཏི་པེ་ལི་ཡིས་ཉིན་དེར་བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་གནས་ཚུལ་སྙན་ཞུ་བྱེད་སྐབས་བཤད་རྒྱུར། དབུས་ཤར་ས་ཁུལ་གྱི་ཛ་དྲག་གི་གནས་བབ་ཇེ་སྡུག་ཏུ་སོང་བ་དང་བསྟུན་ནས། ཡེ་མིན་གྱི་དཀའ་ཁག་དང་ས་ཁོངས་ཀྱི་ཆབ་སྲིད་གནས་བབ་སྔར་ལས་རྙོག་འཛིང་དུ་གྱུར་ཡོད་ཟེར། ཁོས་བཤད་རྒྱུར། ང་ཚོས་ཡེ་མིན་ལ་ས་ཁུལ་ཉམས་ཉེན་གྱི་ཞོར་སྐྱོན་མྱོང་དུ་འཇུག་མི་རུང་། གལ་ཏེ་ང་ཚོས་ཡེ་མིན་གྱི་ཆབ་སྲིད་འཕེལ་རིམ་སྣང་མེད་དུ་བསྐྱུར་ནས། མུ་མཐུད་དུ་གནས་བབ་ཛ་དྲག་ཆེ་བའི་ལམ་དེར་ཞུགས་ན། མཇུག་འབྲས་ནི་གནོད་འཚེ་རང་བཞིན་ལྡན་པ་ཞིག་ཡིན་སྲིད་ཟེར།

ཀི་ལོན་ཏི་པེ་ལི་ཡིས་བཤད་རྒྱུར། ཡེ་མིན་རྒྱལ་ནང་གི་གནས་བབ་གཏན་འཇགས་མིན་པའི་ཞོར་དུ་ཧུའུ་སེ་དྲག་ཆས་པས་མུ་མཐུད་དུ་མཚོ་དམར་མཚོ་ཁོངས་ཀྱི་ཚོང་ལས་དང་དམག་དོན་གྲུ་གཟིངས་ལ་འཇབ་རྒོལ་བྱེད་བཞིན་ཡོད་ལ། ཨ་མེ་རི་ཁ་དང་དབྱིན་ཇིས་ཀྱང་མུ་མཐུད་དུ་ཧི་ཐེ་ཏཱ་སོགས་ས་ཁུལ་དུ་བར་སྣང་འཇབ་རྒོལ་བྱས་ནས་རྒོལ་ལན་སྤྲོད་བཞིན་ཡོད་ཟེར། ཀི་ལོན་ཏི་པེ་ལི་ཡིས་ཡེ་མིན་གྱི་ཕྱོགས་ཁག་སོ་སོས་མཇུག་སྒྲིལ་མ་ཐག་པའི་སྨྱུང་གྲོལ་ཟླ་བའི་ནང་འགྲིག་མཐུན་གྱི་གོ་སྐབས་བཟང་བོ་ཤོར་དུ་བཅུག་པར་འཕང་སེམས་ཆེན་པོ་སྐྱེས་པའི་ཚུལ་བསྟན།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་ཆོས་རིང་ལུགས་ལས་དོན་མཐུན་སྦྱོར་ཐིན་གྱི་འགུལ་སྐྱོད་དང་དྲིལ་སྒྲོག་ཟི་ཡི་ཟི་ཀྲང་བོ་སོ་ཨར་ནོའུ་ཡིས་ཀྱང་ཉིན་དེར་བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་གནས་ཚུལ་སྙན་ཞུ་བྱས། ཁོ་མོས་བཤད་རྒྱུར། ཆབ་སྲིད་དང་བདེ་འཇགས་ཉམས་ཉེན་རྒྱུན་ཆད་མེད་པའི་རྒྱབ་ལྗོངས་འོག ཡེ་མིན་གྱི་ས་ཁུལ་མང་བོར་བཤལ་ནད་ཡང་བསྐྱར་བྱུང་བ་དང་། འཚོ་བཅུད་མི་འདང་བའི་གནས་ཚུལ་མུ་མཐུད་དུ་ཇེ་སྡུག་ཏུ་སོང་ནས། རྒྱལ་ཁབ་དེའི་མི་ཆོས་རིང་ལུགས་ཀྱི་གནས་ཚུལ་ཛ་དྲག་ཏུ་གྱུར་ཡོད། ཀུན་གྱིས་སེམས་ཁུར་བྱེད་དགོས་པ་ཞིག་ནི་ད་ལོར་ཡང་ཡེ་མིན་མི་ཆོས་རིང་ལུགས་ཐག་གཅོད་བྱེད་པའི་འཆར་གཞིར་མཁོ་བའི་མ་དངུལ་ཧ་ཅང་དཀོན་ཟེར། ཁོ་མོས་བྲེལ་མྱུར་འགུལ་སྐྱོད་སྤེལ་ནས། མ་དངུལ་གྱི་ཆད་ཁ་ཁ་གསབ་བྱས་ཏེ། རྒུད་སྐྱོབ་དངོས་རྫས་དག་ཆེས་དགོས་མཁོ་ཡོད་པའི་མང་ཚོགས་ཀྱི་ལག་ཏུ་སྐྱེལ་བར་འགན་སྲུང་བྱེད་དགོས་པའི་འབོད་སྐུལ་བཏང་།


བསོད་ནམས་ཚེ་རིང་གིས་བསྒྱུར།