ཨུ་རུ་སི་དང་དབྱི་ལིང་གི་ཙུང་ཐུང་གིས་ཁ་པར་བརྒྱུད་དེ་དབུས་ཤར་ས་ཁུལ་གྱི་གནས་བབ་ལ་གྲོས་བསྡུར་བྱས།
2024.04.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་བཅུ་དྲུག་ཉིན་དབྱི་ལིང་གི་ཙུང་ཐུང་ལའེ་ཞི་ལ་ཁ་པར་བཏང་སྟེ། ཕྱོགས་གཉིས་ཀྱིས་དབྱི་སི་རལ་གྱིས་སི་རི་ཡཱ་རུ་སྡོད་པའི་དབྱི་ལིང་གི་གཞུང་ཚབ་ཁང་ལ་འཇབ་རྒོལ་བྱས་པ་དང་དབྱི་ལིང་གིས་འཁོན་ལན་སློག་པའི་བྱེད་ཐབས་སྤྱད་རྗེས་ཀྱི་དབུས་ཤར་ས་ཁུལ་གྱི་གནས་བབ་ཐད་ནས་གྲོས་བསྡུར་ཞིབ་ཏུ་བྱས།

ཨུ་རུ་སིའི་ཙུང་ཐུང་དྲ་ཚིགས་ཀྱིས་ཚེས་བཅུ་དྲུག་ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ཕུའུ་ཅིན་གྱིས་ཁ་པར་གཏོང་སྐབས་བསྟན་དོན། ཕྱོགས་སོ་སོས་རྣམ་རིག་གསལ་བོའི་སྒོ་ནས་རང་ཚོད་བཟུང་སྟེ། སྐོར་ཐེངས་གསར་བའི་ངོ་རྒོལ་གནས་བབ་བྱུང་ནས་ས་ཁུལ་ཧྲིལ་བོར་གནོད་འཚེ་རང་བཞིན་གྱི་མཇུག་འབྲས་འབྱུང་བར་སྔོན་འགོག་བྱེད་དགོས་པའི་རེ་བ་བཏོན། ལའེ་ཞི་ཡིས་བསྟན་དོན། དབྱི་ལིང་གི་འགུལ་སྐྱོད་དེ་གཞན་གྱིས་བཙན་སྐུལ་བྱས་པ་དང་ཚོད་ཡོད་པ་ཞིག་ཡིན། དབྱི་ལིང་གིས་ཛ་དྲག་གི་གནས་བབ་དེ་སྔར་ལས་ཇེ་སྡུག་ཏུ་གཏོང་འདོད་མེད་ཟེར།

ཕྱོགས་གཉིས་ཀྱིས་ནན་གྱིས་བསྟན་དོན། ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་དུས་ཡུན་རིང་བོར་ཐག་གཅོད་མ་ཐུབ་པ་ནི་མིག་སྔའི་དབུས་ཤར་ས་ཁུལ་གྱི་གནས་བབ་ཛ་དྲག་ཡིན་པའི་འབྱུང་རྩ་ཡིན་ཟེར། ཨུ་རུ་སི་དང་དབྱི་ལིང་གིས་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མྱུར་དུ་མཚམས་འཇོག་པ་དང་མི་ཆོས་རིང་ལུགས་ཀྱི་དཀའ་ཁག་གི་གནས་བབ་ཞི་འཇགས་སུ་བཏང་སྟེ། ཆབ་སྲིད་དང་ཕྱི་འབྲེལ་ལ་བརྟེན་ནས་ཉམས་ཉེན་ཐག་གཅོད་བྱེད་པར་ཆ་རྐྱེན་བསྐྲུན་པའི་གཞི་རྩའི་ལངས་ཕྱོགས་བསྐྱར་སྒྲོག་བྱས།

གཞན་ཡང་དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་ཚེས་བཅུ་དྲུག་ཉིན་བསྒྲགས་པ་ལྟར་ན། ལའེ་ཞི་ཡིས་ཉིན་དེར་ཁཱ་ཐར་གྱི་མགོ་ཁྲིད་པ་ཐཱ་མུས་མུའུ་ལ་ཁ་པར་བཏང་། ལའེ་ཞི་ཡིས་ནན་གྱིས་བསྟན་དོན། དབྱི་ལིང་གི་ཁེ་ཕན་ལ་གནོད་སྐྱེལ་བའི་བྱ་སྤྱོད་གང་རུང་ལ་རྒོལ་ལན་ནན་མོ་སྤྲོད་རྒྱུ་ཡིན་ཟེར། ཐཱ་མུས་མུའུ་ཡིས་བསྟན་དོན། དབྱི་ལིང་དང་ཁཱ་ཐར་གྱིས་ནམ་རྒྱུན་ཕན་ཚུན་རྒྱབ་སྐྱོར་བྱེད་བཞིན་ཡོད་པ་དང་། ཁཱ་ཐར་གྱིས་དབྱི་ལིང་གིས་དབྱི་སི་རལ་ལ་དམིགས་པའི་འགུལ་སྐྱོད་ལས་མངོན་པའི་བློ་གྲོས་ལ་གཟེངས་བསྟོད་བྱེད་བཞིན་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།