དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲའི་དབུས་ཕྱོགས་དང་ལྷོ་ཕྱོགས་ས་ཁུལ་དུ་བར་སྣང་འཇབ་རྒོལ་བྱས་ནས་ཉུང་མཐར་ཡང་མི་བཅོ་བརྒྱད་རྐྱེན་ལམ་དུ་ཤོར།
2024.04.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཕཱ་ལེ་སི་ཐན་བརྙན་འཕྲིན་ཁང་གིས་ཚེས་བཅུ་དྲུག་ཉིན་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅཱ་ཧྲ་ས་ཁུལ་གྱི་དབུས་ཕྱོགས་དང་ལྷོ་ཕྱོགས་ས་ཁུལ་དུ་བར་སྣང་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་མི་བཅོ་བརྒྱད་རྐྱེན་ལམ་དུ་ཤོར།

བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གི་མི་བསྡད་མེད་པའི་གནམ་གྲུས་ཚེས་བཅུ་དྲུག་ཉིན་ཅཱ་ཧྲའི་དབུས་ཕྱོགས་ཀྱི་མེད་ཅཱ་ཆི་ཡུལ་གྱར་བའི་སྒར་སའི་མང་ཚོགས་ལ་བར་སྣང་འཇབ་རྒོལ་བྱས་ནས། ཉུང་མཐར་ཡང་མི་བཅུ་གཅིག་རྐྱེན་ལམ་དུ་ཤོར། ཅཱ་ཧྲའི་དབུས་ཕྱོགས་ཀྱི་ལཱ་ཧྥ་གྲོང་ཁྱེར་གྱི་ཡུལ་གྱར་བའི་སྒར་ས་ཞིག་ཏུ་ཚེས་བཅུ་དྲུག་ཉིན་གྱི་དགོང་མོར་དབྱི་སི་རལ་གྱི་དམག་དཔུང་གི་བར་སྣང་འཇབ་རྒོལ་ཐེབས་ཏེ། ཉུང་མཐར་ཡང་མི་བདུན་རྐྱེན་ལམ་དུ་ཤོར་བ་དང་། མི་སྣ་མང་བོ་ཞིག་རོའི་འོག་ཏུ་མནན་ནས་རྒུད་སྐྱོབ་བྱེད་པར་སྒུག་ཡོད་ཟེར།

དེ་ལས་གཞན་ཅཱ་ཧྲ་ས་ཁུལ་གྱི་འབྲེལ་ཡོད་མི་སྣས་ཚེས་བཅུ་དྲུག་ཉིན་གསར་འགོད་པར་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅཱ་ཧྲའི་བྱང་ཕྱོགས་ཀྱི་ས་ཁུལ་མང་བོར་གཅིག་བསྡུས་འགས་གཏོར་བཏང་བ་དང་། མིག་སྔར་ཤི་རྨས་གནས་ཚུལ་གསལ་བོར་མི་ཤེས་ཟེར། ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་ཁོངས་སུ་གཏོགས་པའི་ཁཱ་སིང་སྟོང་ཤོག་གིས་ཚེས་བཅུ་དྲུག་ཉིན་གསལ་སྒྲོག་སྤེལ་ཏེ། སྟོང་ཤོག་དེའི་དྲག་ཆས་མི་སྣས་ཅཱ་ཧྲའི་བྱང་ཕྱོགས་ཀྱི་པེད་ཐི་ཧཱ་ནུང་ནས་དབྱི་སི་རལ་གྱི་དམག་མིའི་བར་འཁྲུག་རྩོད་བྱས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།