ཐན་ཙན་ནི་ཡཱའི་ཕྱི་འབྲེལ་བློན་ཆེན་གྱིས་ཀྲུང་གོའི་བར་གྱི་མཛའ་བརྩེ་སྔར་ལས་ཆུ་ཚད་གསར་བ་ཞིག་ཏུ་འཕེལ་རྒྱས་བྱུང་ཡོད་པའི་ཚུལ་བསྟན།
2024.04.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཐན་ཙན་ནི་ཡཱའི་ཕྱི་འབྲེལ་དང་ཨ་ཧྥེ་རི་ཁ་ཤར་མའི་མཉམ་ལས་པུའུ་ཡི་པུའུ་ཀྲང་མཱ་ཁན་པཱ་ཡིས་ཚེས་བཅོ་ལྔ་ཉིན་བཤད་རྒྱུར། ད་ལོ་ནི་ཐན་ཙན་ནི་ཡཱ་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་ནས་ལོ་ངོ་དྲུག་ཅུ་འགོར་བའི་ལོ་ཡིན་ཞིང་། ལོ་ངོ་དྲུག་ཅུའི་རིང་ལ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་ཐོག་མཐའ་བར་གསུམ་དུ་འཕེལ་རྒྱས་ཆེན་པོ་བྱུང་བ་དང་། ཐན་ཙན་ནི་ཡཱ་དང་ཀྲུང་གོའི་མཛའ་བརྩེ་མུ་མཐུད་དུ་དར་སྤེལ་བྱས་ནས་སྔར་ལས་མཐོ་བའི་ཆུ་ཚད་དུ་འཕེལ་རྒྱས་བྱུང་ཡོད་ཟེར།

ཉིན་དེར་ཐན་ཙན་ནི་ཡཱའི་གྲུ་ཁའི་གྲོང་ཁྱེར་ཏཱ་ལོས་སི་སཱ་ལཱ་མུའུ་ནས། ཐན་ཙན་ནི་ཡཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་དང་ཐན་ཙན་ནི་ཡཱའི་ཕྱི་འབྲེལ་དང་ཨ་ཧྥེ་རི་ཁ་ཤར་མའི་མཉམ་ལས་པུའུ་ཡིས་མཉམ་འབྲེལ་གྱིས་ཀྲུང་གོ་དང་ཐན་ཙན་ནི་ཡཱའི་བར་འབྲེལ་བ་བཙུགས་ནས་ལོ་ངོ་དྲུག་ཅུ་འགོར་བར་དགའ་སྟོན་རྟེན་འབྲེལ་ཞུ་བའི་སྣེ་ལེན་ཚོགས་འདུ་བསྡུས།

མཱ་ཁན་པཱ་ཡིས་སྣེ་ལེན་ཚོགས་འདུའི་སྟེང་ཞུ་ཚིག་ཕུལ་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རྒྱས་གྲུབ་འབྲས་དང་ཀྲུང་གོས་འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་དང་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བའི་ཐད་ནས་འཛམ་གླིང་ཡོངས་ལ་བཞག་པའི་བྱས་རྗེས་གལ་ཆེན་ལ་གཟེངས་བསྟོད་ཆེན་པོ་བྱས། མཱ་ཁན་པཱ་ཡིས་བསྟན་དོན། ལོ་ངོ་དྲུག་ཅུའི་རིང་ལ་ཐན་ཙན་ནི་ཡཱ་དང་ཀྲུང་གོའི་འབྲེལ་བར་ཐོག་མཐའ་བར་གསུམ་དུ་འཕེལ་རྒྱས་ཆེན་པོ་བྱུང་བ་དང་། མཛའ་བརྩེ་སྔར་ལས་སྲ་བརྟན་དུ་སོང་བ་དང་ཕྱོགས་གཉིས་ཀྱི་འཐབ་ཇུས་ཡིད་ཆེས་རྒྱུན་ཆད་མེད་པར་ཇེ་ཆེར་སོང་སྟེ། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ཇེ་ཟབ་ཏུ་སོང་བ་དང་། ཐན་ཙན་ནི་ཡཱ་དང་ཀྲུང་གོའི་འབྲེལ་བས་རྒྱལ་སྤྱིའི་གནས་བབ་འགྱུར་ལྡོག་བརྒྱུད་ཡོད་ལ། ཐོག་མཐའ་བར་གསུམ་དུ་སྐྱིད་སྡུག་མཉམ་མྱོང་བྱས་ཡོད་ཟེར།

ཐན་ཙན་ནི་ཡཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཁྲིན་མེན་ཅན་གྱིས་བསྟན་དོན། ལོ་ངོ་དྲུག་ཅུའི་རིང་ལ། རྒྱལ་ཁབ་གཉིས་ཀྱིས་དཀའ་སྡུག་མཉམ་མྱོང་དང་མཐུན་སྒྲིལ་རོགས་རེས་བྱས་ཏེ། ཆབ་སྲིད་ཡིད་ཆེས་དང་མཐོ་རིམ་སྣེ་ཁྲིད་རྒྱུན་འཁྱོངས་སྒོས་རྣམ་དག་མཉམ་ལས་དང་འཕེལ་རྒྱས་མཉམ་བརྩོན་རྒྱུན་འཁྱོངས་བྱས། འཐབ་ཇུས་རོགས་ལས་འབྲེལ་བ་ཇེ་ཟབ་ཏུ་སོང་བ་དང་། ཕྱོགས་སོ་སོ་དང་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ཀྱི་གྲུབ་འབྲས་སྲ་བརྟན་དུ་སོང་ཡོད་ལ། དམངས་སེམས་གཅིག་ཏུ་སྦྲེལ་ནས་རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་བརྩེ་སྲ་བརྟན་དུ་སོང་ཡོད། ཀྲུང་གོ་དང་ཐན་ཙན་ནི་ཡཱའི་འབྲེལ་བ་དེ་ནམ་རྒྱུན་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ཀྱི་མདུན་གྲལ་དུ་བསྐྱོད་བཞིན་ཡོད་ལ། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་མཉམ་ལས་བྱེད་པའི་མིག་དཔེ་ལྟ་བུར་གྱུར་ཡོད་ཟེར།

ཚོགས་ཞུགས་སྐུ་མགྲོན་དག་གིས་མཉམ་དུ་ཐན་ཙན་ནི་ཡཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་དང་ཞིན་ཧྭ་གསར་འགྱུར་ཁང་གི་ཏཱ་ལོས་སི་སཱ་ལཱ་མུའུ་རུ་ཡོད་པའི་ཡན་ལག་ཁང་། ཀྲུང་གོའི་ལྕགས་ལམ་བཟོ་སྐྲུན་སྡེ་ཚོགས་ཚད་ཡོད་ཀུང་ཟི་བཅས་ཀྱིས་མཉམ་འབྲེལ་གྱིས་གཙོ་སྒྲུབ་བྱས་པའི་ཀྲུང་གོ་དང་ཐན་ཙན་ནི་ཡཱའི་བར་འབྲེལ་བ་བཙུགས་ནས་ལོ་ངོ་དྲུག་ཅུ་འགོར་བའི་ཞིན་ཧྭ་གསར་འགྱུར་ཁང་གི་པར་རིས་འགྲེམ་སྟོན་ལ་བལྟས།


བསོད་ནམས་ཚེ་རིང་གིས་བསྒྱུར།