ཨེ་ཅིབ་ཀྱི་ཙུང་ཐུང་དང་པཱ་ལིན་གྱི་རྒྱལ་བོས་དབུས་ཤར་ས་ཁུལ་གྱི་གནས་བབ་ལ་གྲོས་བསྡུར་བྱས།
2024.04.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་ཡིས་ཚེས་བཅུ་བདུན་ཉིན་རྒྱལ་ས་ཁེ་རོ་ནས་འཚམས་འདྲིར་ཡོང་བའི་པཱ་ལིན་གྱི་རྒྱལ་བོ་ཧཱ་མཱ་ཏི་དང་གྲོས་མོལ་བྱས་ཏེ། ཕྱོགས་གཉིས་ཀྱིས་གཙོ་བོ་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པ་ཇི་ལྟར་མངོན་འགྱུར་བྱེད་པ་དང་། རྒྱུན་བསྲིང་བའི་ས་ཁུལ་གྱི་ཛ་དྲག་གི་གནས་བབ་མཇུག་སྒྲིལ་བར་གྲོས་བསྡུར་བྱས།

སེ་ཞི་ཡིས་གྲོས་མོལ་བྱས་རྗེས་སྤེལ་བའི་མཉམ་འབྲེལ་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཕྱོགས་གཉིས་ཀྱིས་གཅིག་གྱུར་སྒོས་བལྟས་ན། ཕཱ་ལེ་སི་ཐན་མངའ་ཁོངས་དང་དབུས་ཤར་ས་ཁུལ་གྱི་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་བའི་ཐད་འབད་བརྩོན་ལྷོད་མེད་བྱེད་དགོས་པར་འདོད་ཡོད་ཟེར།

སེ་ཞི་ཡིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཧུར་ཐག་སྒོས་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པ་དང་ཡུན་རིང་བོར་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱེད་པར་སྐུལ་འདེད་་གཏོང་བ་དང་། ཕཱ་ལེ་སི་ཐན་གྱི་མི་དམངས་བཙན་གྱིས་ཡུལ་འཁྱམས་བྱེད་དུ་འཇུག་པའམ་ཡང་ན་ཐུན་མོང་ཆད་གཅོད་བྱེད་པའི་གཡོ་ཇུས་གང་རུང་མེད་པར་བཏང་སྟེ། ཚད་བཀག་མི་ཐེབས་པ་དང་རྒྱུན་མཐུད་ངང་ཅཱ་ཧྲ་ས་ཁུལ་དུ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདང་ཚིམས་པ་འདོན་སྤྲོད་བྱེད་པར་འགན་སྲུང་བྱེད་དགོས་པའི་འབོད་སྐུལ་བཏང་།

སེ་ཞི་ཡིས་ད་རུང་ངེས་པར་དུ་རྒྱལ་ཁབ་གིས་ཀྱི་ཇུས་གཞི་རྨང་གཞིར་བྱས་ཏེ། གཅིག་སྟོང་དགུ་བརྒྱ་རེ་བདུན་ལོའི་མཐའ་མཚམས་རྨང་གཞིར་བྱས་ཤིང་ཡེ་ལུའུ་སཱ་ལེམ་ཤར་མ་རྒྱལ་སར་བྱས་པའི་སྒེར་ཚུགས་ཀྱི་ཕཱ་ལེ་སི་ཐན་རྒྱལ་ཁབ་ཅིག་འཛུགས་དགོས་པ་ནན་བཤད་བྱས།

ཧཱ་མཱ་ཏི་ཡིས་བསྟན་དོན། མྱུར་མོར་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱས་ནས་ས་ཁུལ་དེའི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་སྲུང་འཛིན་བྱེད་པར་དགོས་གལ་ཆེ་བ་དང་། ཆབ་སྲིད་ཀྱི་ཐབས་ལ་བརྟེན་ནས་ས་ཁུལ་གྱི་དྲང་བདེན་དང་ཡུན་རིང་ཞི་བདེ་མངོན་འགྱུར་བྱེད་དགོས་པར་མ་ཟད། ཕཱ་ལེ་སི་ཐན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དངོས་གཞིའི་ཁོངས་གཏོགས་རྒྱལ་ཁབ་ཏུ་འགྱུར་བར་བསྡུ་ལེན་བྱེད་དགོས་ཟེར། ཕྱོགས་གཉིས་ཀྱིས་ད་རུང་པཱ་ལིན་གྱིས་ཟླ་ལྔ་བར་གཙོ་སྒྲུབ་བྱེད་རྒྱུ་ཡིན་པའི་སྐབས་སོ་གསུམ་པའི་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་མཐོ་རིམ་གྲོས་ཚོགས་ཀྱི་གྲོས་རིམ་ལ་གྲོས་བསྡུར་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།