ཀྲུང་གོ་དང་ཨ་མེ་རི་ཁའི་དངུལ་ལོར་བྱ་བའི་ཚན་ཆུང་གིས་གྲོས་ཚོགས་ཐེངས་བཞི་བ་བསྡུས།
2024.04.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཉིས་སྟོང་ཉེར་བཞི་ལོའི་ཟླ་བཞི་བའི་ཚེས་བཅུ་དྲུག་ཉིན། ཀྲུང་གོ་དང་ཨ་མེ་རི་ཁའི་དངུལ་ལོར་བྱ་བའི་ཚན་ཆུང་གིས་ཨ་མེ་རི་ཁའི་ཝ་ཧྲིན་ཐོན་ནས་གྲོས་ཚོགས་ཐེངས་བཞི་བ་བསྡུས། གྲོས་ཚོགས་དེར་ཀྲུང་གོའི་མི་དམངས་དངུལ་ཁང་གི་མགོ་བ་གཞོན་པ་ཞོན་ཁྲང་ནུན་དང་ཨ་མེ་རི་ཁའི་ནོར་སྲིད་པུའུ་ཡི་ནོར་སྲིད་བློན་ཆེན་གྱི་ལས་རོགས་པ་ནེ་མན་གཉིས་ཀྱིས་མཉམ་དུ་མགོ་འཛིན་བྱས། རྒྱལ་ཁབ་དངུལ་ལོར་ལྟ་རྟོག་དོ་དམ་སྤྱི་ཁྱབ་ཅུའུ་དང་ཀྲུང་གོའི་དངུལ་འཛིན་ལྟ་ཞིབ་ཚོགས་པ། དེ་མིན་ཨ་མེ་རི་ཁའི་མཉམ་འབྲེལ་དངུལ་གསོག་དང་། ཨ་མེ་རི་ཁའི་དངུལ་འཛིན་ཉོ་ཚོང་ཨུ་ཡོན་ལྷན་ཁང་། ཨ་མེ་རི་ཁའི་ཚོང་རྫས་ཉོ་ཚོང་ཨུ་ཡོན་ལྷན་ཁང་། རྒྱལ་ཕྲན་མཉམ་འབྲེལ་དངུལ་གསོག་ཉེན་ཚབ་ཀུང་ཟི་སོགས་སྡེ་ཁག་ཚོགས་འདུར་ཞུགས། ཨ་མེ་རི་ཁའི་ནོར་སྲིད་པ་ཡི་པུའུ་ཀྲང་ཡེ་ལོན་གྱིས་ཀྲུང་གོ་དང་ཨ་མེ་རི་ཁའི་དངུལ་ལོར་བྱ་བའི་ཚན་ཆུང་གི་ཀྲུང་གོའི་འཐུས་ཚབ་ཚོགས་པར་ཐུག་འཕྲད་བྱས།

ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་དངུལ་ལོར་སྲིད་ཇུས་དང་དངུལ་ལོར་གཏན་འགཇས། དངུལ་ལོར་གྱི་ལྟ་རྟོག་དོ་དམ་མཉམ་ལས། དངུལ་ལོར་ཚོང་རའི་ལམ་ལུགས་རང་བཞིན་གྱི་བཀོད་སྒྲིག རྒྱལ་ཁོངས་བརྒལ་བའི་རྩིས་སྤྲོད་དང་གཞི་གྲངས། རྒྱུན་མཐུད་དངུལ་ལོར། ནག་དངུལ་དཀར་བསྒྱུར་ལ་ངོ་རྒོལ་བྱེད་པ། འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་དངུལ་གསོག དངུལ་ལོར་རྨང་གཞིའི་སྒྲིག་ཆས། དེ་མིན་ཕྱོགས་གཉིས་ཀྱིས་སེམས་ཁུར་བྱེད་པའི་དངུལ་ལོར་སྲིད་ཇུས་གྲོས་གཞི་བཅས་ཀྱི་ཐད་ནས་ཆེད་ལས་དང་དངོས་གཉེར། ལྷག་བསམ་རྣམ་དག འཛུགས་སྐྲུན་རང་བཞིན་ལྡན་པའི་སྒོ་ནས་འབྲེལ་འདྲིས་བྱས། གྲོས་ཚོགས་ནས་ད་རུང་ཕྱོགས་གཉིས་ཀྱི་ལག་རྩལ་ཆེད་མཁས་ཚན་ཆུང་གི་རྒྱལ་ཁབ་གཉིས་ཀྱི་དངུལ་ལོར་ལྟ་རྟོག་དོ་དམ་སྒྲོམ་གཞིའི་སྐོར་གྱི་སྙན་ཞུར་ཉན་པ་དང་། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་འབྲེལ་འདྲིས་སྲུང་འཛིན་བྱེད་པར་ཡིད་འཐད་བྱུང་།


བསོད་ནམས་ཚེ་རིང་གིས་བསྒྱུར།