མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་ཕཱ་ལེ་སི་ཐན་གྱིས་རྒྱལ་ཁབ་འཛུགས་པའི་རེ་འདུན་མངོན་འགྱུར་བྱེད་པར་རོགས་རམ་བྱེད་དགོས་པའི་འབོད་སྐུལ་བཏང་།
2024.04.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་བཅོ་བརྒྱད་ཉིན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཕཱ་ལེ་སི་ཐན་གྱིས་རང་བདག་སྒེར་ཚུགས་ཀྱི་རྒྱལ་ཁབ་ཅིག་འཛུགས་པའི་རེ་འདུན་མངོན་འགྱུར་བྱེད་པར་རོགས་རམ་བྱེད་དགོས་པའི་འབོད་སྐུལ་བཏང་།

ཀུའུ་ཐི་ལོས་སི་ཡིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གནད་དོན་གྱི་མཐོ་རིམ་གྲོས་ཚོགས་སྟེང་བཤད་རྒྱུར། དབུས་ཤར་ས་ཁུལ་གྱི་གནད་དོན་ཐག་གཅོད་བྱེད་པའི་མཇུག་མཐའི་དམིགས་འབེན་ནི་སྔར་བཞིན་རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་མངོན་འགྱུར་བྱེད་དགོས་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཆོད་དང་རྒྱལ་སྤྱིའི་བཅའ་ཁྲིམས། དེའི་སྔོན་གྱི་གྲོས་མཐུན་བཅས་ཀྱི་རྨང་གཞིའི་སྟེང་། དབྱི་སི་རལ་དང་ཕཱ་ལེ་སི་ཐན་གྱིས་ཡེ་ལུའུ་སཱ་ལེམ་དེ་རྒྱལ་ཁབ་གཉིས་ཀྱི་རྒྱལ་སར་བྱས་ཏེ། ཞི་བདེ་དང་བདེ་འཇགས་ངང་མཛའ་མཐུན་མཉམ་གནས་བྱེད་པ་མངོན་འགྱུར་བྱེད་དགོས། དེ་ལས་བཙན་བཟུང་མཇུག་སྒྲིལ་དགོས་པ་དང་། སྒེར་ཚུགས་དང་དམངས་གཙོ། རང་བདག་ཅན་གྱི་ཕཱ་ལེ་སི་ཐན་རྒྱལ་ཁབ་ཅིག་འཛུགས་དགོས་ལ། ཅཱ་ཧྲ་ནི་དེའི་ཁ་འབྲལ་ཐབས་མེད་པའི་ཁག་ཅིག་ཡིན་ཟེར།

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དམིགས་འབེན་དེ་མངོན་འགྱུར་བྱེད་པར་རོགས་རམ་བྱེད་པའི་འགན་འཁྲི་དང་འོས་འགན་ཡོད། གལ་ཏེ་རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་དེར་གྲུབ་འབྲས་མ་བྱུང་ན། ས་ཁུལ་དེའི་ཟང་ཟིང་དང་ཉེན་ཁ་ཇེ་ཆེར་འགྲོ་སྲིད་ལ། མི་རྣམས་ཀྱིས་མུ་མཐུད་དུ་དྲག་ཤུགས་ཀྱི་འཇིགས་ཉེན་འོག་ཏུ་འཚོ་བ་རོལ་དགོས་ཡོད་ཟེར།

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། ཉེ་ལམ་དབུས་ཤར་ས་ཁུལ་གྱི་གནས་བབ་སྔར་ལས་ཛ་དྲག་ཏུ་གྱུར་ཡོད་ཅིང་། ནོར་འཆུག་གི་བརྡར་གཅོད་དང་འབྲེལ་འདྲིས་ལ་བཀག་རྒྱ་ཐེབས་ན་བློ་ཡུལ་ལས་འདས་པའི་མཇུག་འབྲས་འབྱུང་སྲིད། ཕྱོགས་ཡོངས་ཀྱི་ས་ཁུལ་གྱི་འཁྲུག་རྩོད་དེ་འཁྲུག་རྩོད་ཕྱོགས་ཁག་དང་འཛམ་གླིང་གི་ས་ཁུལ་གཞན་པ་གང་ལ་མཚོན་ནའང་གནོད་འཚེ་རང་བཞིན་ལྡན་པ་ཡིན། ཆེས་ཉེན་ཁ་ཆེ་བའི་དུས་སྐབས་འདིར་འབྲེལ་ཡོད་ཕྱོགས་སོ་སོས་ངེས་པར་དུ་ཚད་ཆེན་པོའི་སྒོ་ནས་རང་ཚོད་འཛིན་དགོས་ཟེར།

ཀུའུ་ཐི་ལོས་སི་ཡིས་བསྟན་དོན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་མཉམ་དུ་འབད་བརྩོན་བྱས་ནས། དབུས་ཤར་ས་ཁུལ་ཧྲིལ་བོ་ཉམས་རྒུད་ཀྱི་གནས་སུ་སྐྱེལ་བ་དང་མི་སེར་དཀྱུས་མར་གནོད་འཚེ་རང་བཞིན་གྱི་ཤུགས་རྐྱེན་བཟོ་བའི་འགུལ་སྐྱོད་གང་རུང་སྔོན་འགོག་བྱེད་དགོས་ལ། ཅཱ་ཧྲ་ས་ཁུལ་གྱི་དགྲར་འཛིན་འགུལ་སྐྱོད་མཇུག་སྒྲིལ་ན་ས་ཁུལ་ཧྲིལ་བོའི་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་ཐུབ་ཟེར། ཁོས་ཡང་བསྐྱར་མི་ཆོས་རིང་ལུགས་ཀྱི་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱེད་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། ཅཱ་ཧྲ་ས་ཁུལ་གྱི་བཀག་འཇུག་ཐེབས་པའི་མི་ཚང་མ་མྱུར་མོར་ཕྱིར་གཏོང་དགོས་ཟེར།

ཀུའུ་ཐི་ལོས་སི་ཡིས་དབྱི་སི་རལ་གྱིས་མྱུར་དུ་བྱེད་ཐབས་སྤྱད་ནས་ཡིའུ་ཐེ་བའི་གཏན་སྡོད་མཁན་གྱི་དྲག་ཤུགས་བྱ་སྤྱོད་མཇུག་སྒྲིལ་བར་བྱས་ནས། དེའི་འགན་འཁྲི་རྩད་གཅོད་བྱེད་དགོས་པའི་སྐུལ་མ་བཏང་། ཁོས་དབྱི་སི་རལ་ནི་བཙན་བཟུང་རྒྱལ་ཁབ་ཡིན་པའི་ཆ་ནས། བཙན་བཟུང་བྱས་པའི་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ཕཱ་ལེ་སི་ཐན་མི་དམངས་ལ་འཇབ་རྒོལ་དང་དྲག་ཤུགས་འཇིགས་སྐུལ་མི་ཐེབས་པར་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བཏང་།

ཀུའུ་ཐི་ལོས་སི་ཡིས་ད་རུང་ལེ་པཱ་ནུན་ལྷོ་ཕྱོགས་ས་ཁུལ་གྱི་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་དགོས་པའི་འབོད་སྐུལ་བཏང་བ་དང་། དེའི་ཞོར་དུ་མཚོ་དམར་གྱི་འགྲུལ་བཞུད་བདེ་འཇགས་ལ་ཁག་ཐེག་བྱེད་དགོས་པའི་འབོད་སྐུལ་བཏང་སྟེ། ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་ཚོང་དོན་གྲུ་གཟིངས་དང་ཚོང་ལས་སྐྱེལ་འདྲེན་ལ་ལ་འཇབ་རྒོལ་བྱེད་པའི་བྱ་སྤྱོད་ངེས་པར་དུ་མྱུར་མོར་མཚམས་འཇོག་དགོས་པ་ནན་བཤད་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།