དབྱིན་ཇི་དང་ཨ་མེ་རི་ཁས་དབྱི་ལིང་ལ་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱེད་རྒྱུ་ཁྱབ་བསྒྲགས་བྱས།
2024.04.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

དབྱིན་ཇི་དང་ཨ་མེ་རི་ཁའི་སྲིད་གཞུང་གིས་ཚེས་བཅོ་བརྒྱད་ཉིན་སོ་སོར་གསལ་སྒྲོག་སྤེལ་ཏེ། དབྱི་ལིང་གི་མི་མང་བོ་དང་ཚོགས་པ་མང་བོར་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱས་ནས། དབྱི་ལིང་གིས་ཉེ་སྔོན་དབྱི་སི་རལ་ལ་འཁོན་ལན་སློགབ་པའི་ཆམ་ཕབ་བཏང་བར་རྒོལ་ལན་སྤྲོད་རྒྱུ་ཁྱབ་བསྒྲགས་བྱས།

དབྱིན་ཇིའི་སྲིད་གཞུང་གིས་གསལ་སྒྲོག་ནང་བཤད་རྒྱུར། དབྱིན་ཇི་ཡིས་དབྱི་ལིང་གི་མི་སྒེར་བདུན་དང་ཚོགས་པ་དྲུག་ལ་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱེད་རྒྱུ་ཡིན། ཐེངས་འདིའི་བཀག་སྡོམ་ནི་ཨ་མེ་རི་ཁའི་བར་མཐུན་སྦྱོར་བྱས་པའི་བྱེད་ཐབས་རབ་དང་རིམ་པ་ཞིག་ཡིན་ལ། དམིགས་ཡུལ་ནི་སྔར་ལས་ལྷག་པའི་སྒོ་ནས་དབྱི་ལིང་གི་མི་བསྡད་མེད་པའི་གནམ་གྲུ་དང་འཕུར་མདའི་ལས་རིགས་ཀྱི་ཟབ་ཞུགས་མཁན་གཙོ་བོའི་བཀག་སྡོམ་ལ་ཤུགས་སྣོན་པ་དང་། དབྱི་ལིང་གིས་ས་ཁུལ་གྱི་གཏན་འཇགས་ལ་གཏོར་བརླག་གཏོང་བའི་ནུས་པར་ཚོད་འཛིན་བྱེད་ཆེད་ཡིན། བཀག་སྡོམ་བྱེད་ཐབས་ལ་འབྲེལ་ཡོད་མི་སྒེར་གྱི་འགྲུལ་བཞུད་ལ་བཀག་སྡོམ་བྱེད་པ་དང་རྒྱུ་ནོར་བཀག་འཇོག་བྱེད་རྒྱུ་མ་ཟད། འབྲེལ་ཡོད་ཚོགས་པའི་རྒྱུ་ནོར་བཀག་འཇོག་བྱེད་པ་སོགས་འདུས་ཡོད་ཟེར།

ཉིན་དེར་ཨ་མེ་རི་ཁའི་ནོར་སྲིད་པུའུ་ཡིས་གསལ་སྒྲོག་སྤེལ་ནས། ཨ་མེ་རི་ཁའི་སྲིད་གཞུང་གིས་དབྱི་ལིང་གི་མི་བསྡད་མེད་པའི་གནམ་གྲུའི་ལས་གཞིར་འབྲེལ་བའི་མི་སྒེར་བཅུ་དྲུག་དང་ཚོགས་པ་གཉིས། དབྱི་ལིང་གི་རྣོ་ལྕགས་ཐོན་ལས་ལ་འབྲེལ་བའི་ཁེ་ལས་ལྔ། དེ་མིན་དབྱི་ལིང་གི་རླངས་འཁོར་ཁེ་ལས་གཅིག་བཅས་ལ་བཀག་སྡོམ་བྱེད་ཐབས་སྤྱོད་རྒྱུ་ཁྱབ་བསྒྲགས་བྱས་པར་མ་ཟད། དབྱི་ལིང་གི་ཕྱིར་གཏོང་ལ་བཀག་སྡོམ་ཚོད་འཛིན་བྱེད་ཐབས་ལག་བསྟར་བྱེད་རྒྱུ་ཡིན་ཟེར།

ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་གྱིས་ཉིན་དེར་གསལ་སྒྲོག་སྤེལ་ནས། སྐོར་ཐེངས་འདིའི་བཀག་སྡོམ་དམིགས་ཡུལ་ནི་དབྱི་ལིང་གིས་ཉེ་སྔོན་དབྱི་སི་རལ་ལ་འཇབ་རྒོལ་བྱས་པའི་འགན་འཁྲི་རྩད་གཅོད་བྱེད་ཆེད་ཡིན་ལ། བཀག་སྡོམ་བྱ་ཡུལ་ལ་དབྱི་ལིང་དབྱི་སི་ལན་གསར་བརྗེ་ཉེན་སྲུང་རུ་ཁག་དང་དབྱི་ལིང་རྒྱལ་སྲུང་པུའུ། དེ་མིན་དབྱི་ལིང་སྲིད་གཞུང་གི་འཕུར་མ་དང་མི་བསྡད་མེད་པའི་གནམ་གྲུའི་ལས་གཞིར་འབྲེལ་བ་ཡོད་པའི་མགོ་ཁྲིད་པ་དང་ཚོགས་པ་སོགས་འདུས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།