ཕཱ་ལེ་སི་ཐན་གྱིས་ཨ་མེ་རི་ཁས་ཕཱ་ལེ་སི་ཐན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དངོས་གཞིའི་ཁོངས་གཏོགས་རྒྱལ་ཁབ་ཏུ་འགྱུར་བའི་གྲོས་ཆོད་འཆར་ཟིན་ཁས་ལེན་མ་བྱས་པར་རྒོལ་གཏམ་བཏང་།
2024.04.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཕཱ་ལེ་སི་ཐན་གྱི་ཙུང་ཐུང་བཞུགས་ཤག་གིས་ཚེས་བཅོ་བརྒྱད་ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ནས། ཨ་མེ་རི་ཁས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ནས་ཕཱ་ལེ་སི་ཐན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དངོས་གཞིའི་ཁོངས་གཏོགས་རྒྱལ་ཁབ་ཏུ་འགྱུར་བའི་གྲོས་ཆོད་འཆར་ཟིན་ཁས་ལེན་མ་བྱས་པར་རྒོལ་གཏམ་བཏང་།

གསལ་སྒྲོག་ལས་བཤད་རྒྱུར། ཨ་མེ་རི་ཁས་གྲོས་ཆོད་འཆར་ཟིན་དེ་ཁས་ལེན་མ་བྱས་ནི་འདྲ་མཉམ་མིན་ཞིང་ཀུན་སྤྱོད་མི་ལྡན་ལ་ལུགས་མེད་ཀྱི་བྱ་སྤྱོད་ཅིག་ཡིན་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རེ་འདུན་དང་འགལ་ཡོད་ཟེར།

གསལ་སྒྲོག་ལས་ད་རུང་ནན་གྱིས་བསྟན་དོན། ཨ་མེ་རི་ཁས་ཐེངས་འདིར་ཁས་ལེན་མི་བྱེད་པའི་དབང་ཆ་བཀོལ་བ་ལས་ཨ་མེ་རི་ཁས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནད་དོན་དང་སྲིད་ཇུས་ཐད་ཀྱི་འགལ་བ་མངོན་པར་བྱས་ཡོད་པ་དང་། ཨ་མེ་རི་ཁས་ཕྱོགས་གཅིག་ནས་རྒྱལ་ཁབ་གཉིས་ཀྱི་ཇུས་གཞིར་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན་པ་དང་། ཕྱོགས་གཞན་ཞིག་ནས་ཁས་ལེན་མི་བྱེད་པའི་དབང་ཆ་བཀོལ་ནས་ཇུས་གཞི་དེ་ལག་བསྟར་བྱེད་པར་བཀག་འགོག་བྱེད་བཞིན་ཡོད་ཟེར།

གསལ་སྒྲོག་ལས་བསྟན་དོན། ས་ཁུལ་དང་ཐ་ན་འཛམ་གླིང་ཡོངས་ཀྱི་ཞི་བདེ་དང་གཏན་འཇགས་མངོན་འགྱུར་བྱེད་པ་དེ་རྒྱལ་སྤྱིའི་བཅའ་ཁྲིམས་དང་འབྲེལ་ཡོད་གྲོས་ཆོད་དངོས་འབེབས་བྱེད་པར་རག་ལས་ཡོད་པ་དང་། དབྱི་སི་རལ་གྱིས་ཕཱ་ལེ་སི་ཐན་མངའ་ཁོངས་ཀྱི་བཙན་བཟུང་མཇུག་སྒྲིལ་ནས། ཕཱ་ལེ་སི་ཐན་མི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་ཁས་ལེན་བྱེད་དགོས་ཟེར།

གསལ་སྒྲོག་ལས་བདེ་འཇགས་ལས་འཛིན་ལྷན་ཚོགས་ནས་འདེམ་ཤོག་འཕངས་ནས་གྲོས་ཆོད་འཆར་ཟིན་དེར་རྒྱབ་སྐྱོར་བྱས་པའི་རྒྱལ་ཁབ་དག་ལ་བཀའ་དྲིན་ཞུས་པ་དང་། དེ་ལས་འཛམ་གླིང་ཧྲིལ་བོ་དྲང་བདེན་དང་རང་དབང་། ཞི་བདེ་བཅས་ཀྱི་ཕྱོགས་སུ་ལངས་ཡོད་པ་བདེན་དཔང་བྱས་ཡོད་ཟེར།

ཨ་མེ་རི་ཁའི་ཤར་ཕྱོགས་ས་ཁུལ་གྱི་ཚེས་བཅོ་བརྒྱད་ཉིན་གྱི་ཕྱི་དྲོར། ཁོངས་གཏོགས་རྒྱལ་ཁབ་བཅོ་ལྔས་གྲུབ་པའི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་མཉམ་འབྲེ་རྒྱལ་ཚོགས་ཚོགས་ཆེན་གྱིས་ཕཱ་ལེ་སི་ཐན་རྒྱལ་ཁབ་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཏུ་འགྱུར་བར་ཆོག་མཆན་འགོད་པའི་གྲོས་ཆོད་འཆར་ཟིན་ཞིག་ལ་འདེམ་ཤོག་འཕངས། གྲོས་ཆོད་འཆར་ཟིན་དེར་འདེམ་ཤོག་བཅུ་གཉིས་ཀྱི་རྒྱབ་སྐྱོར་ཐོབ་པ་དང་། ཨ་མེ་རི་ཁས་ངོ་རྒོལ་བྱེད་པའི་འདེམ་ཤོག་འཕངས། གཞན་ཡང་འདེམ་ཤོག་གཉིས་ཀྱིས་དབང་ཆ་བསྐྱུར། རྒྱུན་ལས་ལས་འཛིན་རྒྱལ་ཁབ་ཨ་མེ་རི་ཁས་ཁས་ལེན་མི་བྱེད་པའི་དབང་ཆ་ལག་བསྟར་བྱས་པས་གྲོས་ཆོད་འཆར་ཟིན་དེར་གྲོས་མཐུན་འགོད་ཐུབ་མེད།


བསོད་ནམས་ཚེ་རིང་གིས་བསྒྱུར།