ཡོ་རོབ་གླིང་མནའ་འབྲེལ་གྱི་དམིགས་བསལ་མཐོ་རིམ་གྲོས་ཚོགས་ནས་འགྲན་རྩོད་ནུས་པ་དང་ས་ཁུལ་གྱི་ཆབ་སྲིད་གཙོར་བཟུང་ནས་གྲོས་བསྡུར་བྱས།
2024.04.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཚོགས་ཡུན་ཉིན་གཉིས་ཡིན་པའི་ཡོ་རོབ་གླིང་མནའ་འབྲེལ་གྱི་དམིགས་བསལ་མཐོ་རིམ་གྲོས་ཚོགས་དེ་ཚེས་བཅོ་བརྒྱད་ཉིན་པུ་ལི་ཧྲིའི་པུའུ་ལུའུ་སེར་ནས་གྲོལ། ཚོགས་ཞུགས་མཁན་གྱིས་ཡོ་རོབ་གླིང་མནའ་འབྲེལ་གྱི་འགྲན་རྩོས་ནུས་པ་དང་གཅིག་རྐྱང་གི་ཚོང་ར། ཝུའུ་ཁི་ལན་དང་དབུས་ཤར་ས་ཁུལ་གྱི་གནས་བབ་སོགས་གྲོས་གཞི་གཙོ་བོར་གྲོས་བསྡུར་བྱས།

མཐོ་རིམ་གྲོས་ཚོགས་ནས་སྤེལ་བའི་སྤྱི་སྒྲོག་ལས་བཤད་རྒྱུར། ས་ཁུལ་གྱི་ཆབ་སྲིད་མངོན་འགྱུར་དང་ཉིན་རེ་བཞིན་རྙོག་འཛིང་དུ་འགྱུར་བའི་འགྲན་རྩོད་གསར་བའི་མདུན་ནས། ཡོ་རོབ་གླིང་མནའ་འབྲེལ་གྱིས་རང་གི་འཛམ་གླིང་ཡོངས་ཀྱི་གར་སྟེགས་སྟེང་གི་དུས་ཡུན་རིང་བོའི་འགྲན་རྩོད་ནུས་པ་དང་དར་རྒྱས། མགོ་ཁྲིད་གོ་གནས་བཅས་ལ་ཁག་ཐེག་བྱས་པར་མ་ཟད། རང་གི་འཐབ་ཇུས་བདག་དབང་ལ་ཤུགས་སྣོན་བྱས་ཟེར། སྤྱི་སྒྲོག་ལས་ནན་གྱིས་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་ལ་གཞི་གཅིག་ཅན་གྱི་གཅིག་རྐྱང་ཚོང་རར་གཞི་བཅོལ་བའི་ཡོ་རོབ་གལིང་གི་འགྲན་རྩོད་ནུས་པའི་གྲོས་མཐུན་གསར་བ་ཞིག་མཁོ་ཟེར།

དབྱི་ཐཱ་ལེའི་སྔོན་ཆད་ཀྱི་ཙུང་ལི་ལའེ་ཐཱ་ཡིས་ཚེས་བཅོ་བརྒྱད་ཉིན་ཡོ་རོབ་གླིང་མནའ་འབྲེལ་གྱི་མགོ་ཁྲིད་པར་རང་གིས་གཞན་གྱི་ངག་བཅོལ་ལྟར་རྩོམ་འབྲི་བྱས་པའི་གཅིག་རྐྱང་ཚོང་རའི་མ་འོངས་པར་འབྲེལ་བའི་སྙན་ཞུ་མཚམས་སྦྱོར་བྱས། ཁོས་སྙན་ཞུའི་ནང་གཅིག་རྐྱང་ཚོང་ར་དར་རྒྱས་སུ་གཏོང་བའི་གྲོས་གཞི་བཏོན།

ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་ཐད་ནས། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཝུའུ་ཁི་ལན་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་རྒྱུ་བསྐྱར་སྒྲོག་བྱས། མཐོ་རིམ་གྲོས་ཚོགས་ཀྱི་སྤྱི་སྒྲོག་ལས་ནན་གྱིས་བསྟན་དོན། མྱུར་མོར་ཝུའུ་ཁི་ལན་ལ་མཁའ་སྲུང་མ་ལག་འདོན་སྤྲོད་བྱེད་པ་དང་། མེ་ཤུགས་འཕུར་མདའ་སོགས་དགོས་གལ་ཆེ་བའི་དམག་དོན་རོགས་སྐྱོར་གང་རུང་འདོན་སྤྲོད་བྱེད་རྒྱུ་ཡིན་ཟེར།

དབུས་ཤར་ས་ཁུལ་གྱི་གནས་བབ་ཐད་ནས་ཡོ་རོབ་གླིང་མནའ་འབྲེལ་གྱིས་དབྱི་ལིང་ལ་སྔར་ལས་ལྷག་པའི་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱེད་རྒྱུ་ཡིན་པ་དང་། ཁྱད་པར་དུ་མི་བསྡད་མེད་པའི་གནམ་གྲུ་དང་འཕུར་མདའི་ཐད་བཀག་སྡོམ་བྱེད་རྒྱུའི་ཚུལ་བསྟན། དེའི་ཞོར་དུ་ཡོ་རོབ་གླིང་མནའ་འབྲེལ་གྱི་མགོ་ཁྲིད་པས་ཕྱོགས་ཁག་སོ་སོས་ཚད་ཆེན་པོས་རང་ཚོད་འཛིན་དགོས་པའི་སྐུལ་མ་བཏང་བ་དང་། ས་ཁུལ་གྱི་གནས་བབ་ཇེ་སྡུག་ཏུ་གཏོང་བའི་འགུལ་སྐྱོད་གང་རུང་སྔོན་འགོག་བྱེད་དགོས་པའི་སྐུལ་མ་བཏང་།

དེ་ལས་གཞན་ཡོ་རོབ་གླིང་མནའ་འབྲེལ་གྱི་མགོ་ཁྲིད་པས་ད་རུང་ཡོ་རོབ་གླིང་མནའ་འབྲེལ་དང་ཐུར་ཁེའི་འབྲེལ་བའི་ཐད་ནས་འཐབ་ཇུས་བགྲོ་གླེང་བྱས། མཐོ་རིམ་ཚོགས་འདུའི་སྤྱི་སྒྲོག་ལས་བཤད་རྒྱུར། ས་དཀྱིལ་མཚོ་ཁོངས་ཤར་མའི་གཏན་འཇགས་དང་བདེ་འཇགས་ཁོར་ཡུག་དང་། ཐུར་ཁེའི་བར་ མཉམ་ལས་གཉིས་ཕན་འབྲེལ་བ་འཕེལ་རྒྱས་སུ་གཏོང་བ་དེ་ཡོ་རོབ་གླིང་མནའ་འབྲེལ་གྱི་འཐབ་ཇུས་ཁེ་ཕན་དང་འཚམ་པ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།