པཱ་ཞིའི་ཙུང་ཐུང་གཞོན་པས་ཀྲུང་གོའི་བར་གྱི་འབྲེལ་བ་ནི་གྲོགས་པོའི་འབྲེལ་བའི་མིག་དཔེ་ལྟ་བུ་ཡིན་པའི་ཚུལ་བསྟན།
2024.04.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

པཱ་ཞིའི་ཙུང་ཐུང་གཞོན་པ་ཨ་ཨར་ཁི་མེན་གྱིས་ཚེས་བཅུ་བདུན་ཉིན་པཱ་ཞི་ལེ་ཡཱ་རུ་ཀྲུང་གོ་དང་པཱ་ཞིའི་བར་འབྲེལ་བ་བཙུགས་ནས་ལོ་ངོ་ལྔ་བཅུ་འགོར་བའི་དཔྱད་གླེང་ཚོགས་འདུར་ཞུགས་སྐབས་བསྟན་དོན། པཱ་ཞི་དང་ཀྲུང་གོའི་འབྲེལ་བ་ནི་འཛམ་གླིང་ཡོངས་ཀྱི་ཉོ་ཚོང་དངུལ་གཏོང་མཉམ་ལས་དང་གྲོགས་པོའི་འབྲེལ་བའི་འཕེལ་རྒྱས་ཀྱི་མིག་དཔེ་བཟང་བོ་ཞིག་ཡིན་ཟེར།

འཕེལ་རྒྱས་དང་བཟོ་ལས། ཉོ་ཚོང་པུའུ་ཡི་པུའུ་ཀྲང་གི་འགན་གཅིག་ལྕོགས་སུ་ཁུར་མཁན་ཨ་ཨར་ཁི་མེན་གྱིས་བལྟས་ན། ཀྲུང་གོའི་དཔལ་འབྱོར་རྒྱུན་མཐུད་ངང་འཕེལ་རྒྱས་སུ་སོང་བ་དང་དགོས་མཁོ་ཇེ་ཆེར་སོང་ཡོད་ལ། པཱ་ཞིའི་དཔལ་འབྱོར་སླར་གསོའི་ཐད་དོན་སྙིང་གལ་ཆེན་ལྡན། པཱ་ཞི་མཛེས་སྡུག་གི་དུས་སྐབས་ཤིག་ཏུ་བསླེབས་ཡོད་པ་དང་། ཀྲུང་གོ་དེའི་ཐད་ནུས་པ་གལ་ཆེན་འདོན་བཞིན་ཡོད་ལ། ང་ཚོས་མཉམ་དུ་འབད་བརྩོན་བྱས་ཏེ་དཀྱེལ་ཡངས་ཀྱི་འཕེལ་རྒྱས་མངོན་འགྱུར་བྱེད་དགོས་ཟེར།

པཱ་ཞིའི་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་གཞོན་པ་སཱ་པའོ་ཡཱ་ཡིས་བཤད་རྒྱུར། དངོས་གཉེར་དང་འཛུགས་སྐྲུན་རང་བཞིན་ལྡན་པའི་པཱ་ཞི་དང་ཀྲུང་གོའི་འབྲེལ་བ་ནི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རགྱལ་ཁབ་ཀྱི་འབྲེལ་བའི་དམིགས་ཚད་ལྟ་བུ་ཡིན་པ་དང་། པཱ་ཞི་དང་ཀྲུང་གོའི་མཉམ་ལས་དེ་བཟོ་ལས་གསར་བ་ཅན་དང་ནུས་ཁུངས་རིམ་སྤོར། ཚན་རྩལ་གསར་གཏོད། འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་དང་བཅོས་བསྒྱུར་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཟེར།

པཱ་ཞིའི་ཞིང་ལས་པུའུ་ཡི་སྔོན་ཆད་ཀྱི་པུའུ་ཀྲང་ཁི་ལི་སི་ཏིས་ནཱ་ཡིས་བཤད་རྒྱུར། པཱ་ཞི་ཡིས་ཀྲུང་གོ་གྲོགས་པོ་གཙོ་བོར་རློམ་ཡོད་པ་དང་། པཱ་ཞི་དང་ཀྲུང་གོའི་ཞིང་ལས་མཉམ་ལས་ནི་གཉིས་ཕན་མཉམ་རྒྱལ་གྱི་མིག་དཔེ་ལྟ་བུ་ཡིན། རྒྱལ་ཁབ་གཉིས་ཀྱིས་ནམ་རྒྱུན་མཛའ་བརྩེ་དང་གཏན་འཇགས། ཚོད་དཔག་ཐུབ་པའི་འབྲེལ་བ་སྲུང་འཛིན་བྱས་ཡོད་ལ། ཕན་ཚུན་ཡིད་ཆེས་བྱེད་པའི་རྨང་གཞིའི་སྟེང་ཁྱབ་ཁོངས་སོ་སོའི་ཉིན་རེ་བཞིན་ཇེ་ཟབ་ཏུ་འགྲོ་བཞིན་པའི་མཉམ་ལས་ལ་ཤུགས་སྣོན་བྱས་ཡོད་ཟེར།

པཱ་ཞི་རུ་སྡོད་པའི་ཀྲུང་གོའི་གཞུབ་ཚབ་ཆེན་མོ་ཆིན་ཆའོ་ཡིས་ཞུ་ཚིག་འབུལ་སྐབས་བཤད་རྒྱུར། ད་ལོ་ནི་ཀྲུང་གོ་དང་པཱ་ཞིའི་བར་འབྲེལ་བ་བཙུགས་ནས་ལོ་ངོ་ལྔ་བཅུ་འགོར་བའི་ལོ་ཡིན་པ་དང་། ཀྲུང་གོ་དང་པཱ་ཞིའི་འབྲེལ་བའི་འཕེལ་རྒྱས་དེ་ལོ་རྒྱུས་ཀྱི་གནས་ཐིག་གསར་བར་གནས་ཡོད། ཀྲུང་གོ་ཕྱོགས་ཀྱིས་པཱ་ཞིའི་བར་ལག་རྡང་སྦྲེལ་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་ཡང་བསྐྱར་སྐས་རིམ་གསར་བ་ཞིག་ཏུ་འཕེལ་རྒྱས་སུ་འགྲོ་བ་དང་། ཀྲུང་གོ་དང་པཱ་ཞིའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པའི་དམིགས་འབེན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཀྲུང་གོ་དང་པཱ་ཞིའི་བར་འབྲེལ་བ་བཙུགས་ནས་ལོ་ངོ་ལྔ་བཅུ་འགོར་བའི་དཔྱད་གླེང་ཚོགས་འདུར་ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་ལཱ་ཏེན་མེ་གླིང་ཞིབ་འཇུག་ཁང་དང་། པཱ་ཞིའི་རྒྱལ་སྤྱིའི་འབྲེལ་བའི་ཞིབ་འཇུག་ལྟེ་གནས་ཀྱིས་མཉམ་དུ་གཙོས་སྒྲིག་བྱས་ཡིན་ལ། བརྗོད་སྙིང་ནི་ལག་རྡང་སྦྲེལ་ནས་རྒྱུན་མཐུད་འཕེལ་རྒྱས་ཀྱི་འཛམ་གླིང་འཛུགས་སྐྲུན་བྱེད་དགོས་ཞེས་པ་དེ་རེད། གྲོས་གཞི་གཙོ་བོར་ཀྲུང་གོ་དང་པཱ་ཞིའི་འབྲེལ་བའི་འཕེལ་རྒྱས་དང་ཐཱན་ཉུང་དཔལ་འབྱོར། ནུས་ཁུངས་སྤོར་བསྒྱུར། ཞིང་ལས་གསར་གཏོད། སྐྱེ་ཁམས་སྤོར་བསྒྱུར། དབུལ་ཕོངས་སེལ་བ། སྤྱི་ཚོགས་ཀྱི་འདྲ་མཉམ་མིན་པའི་སྣང་ཚུལ་མེད་པར་གཏོང་བ། འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་མ་ལག་གི་བཅོས་བསྒྱུར་སོགས་འདུས།


བསོད་ནམས་ཚེ་རིང་གིས་བསྒྱུར།