ཐུ་ནི་ཞི་ཡཱའི་ཙུང་ཐུང་གིས་མཉམ་འབྲེལ་གྱིས་ལྐོག་འགྲོས་གནད་དོན་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།
2024.04.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཐུ་ནི་ཞི་ཡཱའི་ཙུང་ཐུང་སེ་དབྱེ་ཏི་ཡིས་ཚེས་བཅུ་བདུན་ཉིན་བསྟན་དོན། ཐུ་ནི་ཞི་ཡཱ་དེ་ཁྲིམས་འགལ་གནས་སྤོར་སྡོད་དམངས་ཀྱི་བརྒྱུད་གཏོང་ས་ཚིགས་སུ་འགྱུར་མི་རུང་ལ། མཉམ་འབྲེལ་གྱི་བྱེད་ཐབས་སྤྱད་ནས་ལྐོག་འགྲོས་གནད་དོན་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།

ཐུ་ནི་ཞི་ཡཱའི་ཙུང་ཐུང་བཞུགས་ཤག་གིས་སྤེལ་བའི་གནས་ཚུལ་ལྟར་ན། སེ་དབྱེ་ཏི་ཡིས་ཉིན་དེར་འཚམས་འདྲིར་ཡོང་བའི་དབྱི་ཐཱ་ལེའི་ཙུང་ལི་མཱེ་ལོ་ནེ་དང་གྲོས་མོལ་བྱེད་སྐབས་བསྟན་དོན། ཐུ་ནི་ཞི་ཡཱ་ནི་ལྐོག་འགྲོས་བྱ་འགུལ་གྱི་གནོད་ཐེབས་མཁན་ཡིན་ལ། རྩ་བའི་སྟེང་ནས་གནད་དོན་དེ་ཐག་གཅོད་བྱེད་དགོས། ཁོས་ཕྱོགས་སོ་སོས་མཉམ་དུ་འབད་བརྩོན་བྱས་ནས་ལྐོག་འགྲོས་བྱ་འགུལ་གྱི་རྩ་འཛུགས་མཁན་ལ་ཆམ་ཕབ་གཏོང་དགོས་པའི་འབོད་སྐུལ་བཏང་།

མཱེ་ལོ་ནེ་ཡིས་བསྟན་དོན། ཕྱོགས་གཉིས་ཀྱིས་ལྐོག་འགྲོས་བྱ་འགུལ་ལ་ཆམ་ཕབ་གཏོང་བའི་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་མ་ཟད། དེའི་ཞོར་དུ་ཡོ་རོབ་གླིང་གི་རྒྱལ་ཁབ་སོ་སོས་ཁྲིམས་འགལ་གནས་སྤོར་སྡོད་དམངས་ཕྱིར་ལྡོག་བྱེད་པའི་ཐད་ནས་ཁྲིམས་བསྟར་ཤུགས་ཚད་ཇེ་ཆེར་གཏོང་དགོས་པའི་འབོད་སྐུལ་བཏང་།

ཐུ་ནི་ཞི་ཡཱ་ནི་ཨ་ཧྥེ་རི་ཁ་སྐམ་ས་ཆེན་མོའི་བྱང་སྣེ་རུ་གནས་པ་དང་། དབྱི་ཐཱ་ལེ་སོགས་ཡོ་རོབ་གླིང་གི་རྒྱལ་ཁབ་བར་རྒྱ་མཚོས་ཆོད་ཡོད། ཉེ་བའི་ལོ་འགའི་རིང་ལ། ཐུ་ནི་ཞི་ཡཱ་བརྒྱུད་དེ་དབྱི་ཐཱ་ལེ་རུ་ལྐོག་འགྲོས་བྱེད་པའི་དོན་རྐྱེན་མང་དུ་བྱུང་། ཉིས་སྟོང་ཉེར་གསུམ་ལོའི་ཟླ་བདུན་པར། ཐུ་ནི་ཞི་ཡཱ་དང་ཡོ་རོབ་གླིང་གིས་འཐབ་ཇུས་དང་ཕྱོགས་ཡོངས་གྲོགས་པོའི་འབྲེལ་བ་འཛུགས་པའི་ཐད་ནས་བཟོད་སྒོམ་བརྗེད་ཐོ་བཀོད་ནས། ཕྱོགས་གཉིས་ཀྱིས་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ་ལྐོག་འགྲོས་བྱ་འགུལ་ལ་ཆམ་ཕབ་གཏོང་བ་དང་མཐའ་མཚམས་ཀྱི་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་བྱེད་པར་འཐད་པ་བྱུང་།


བསོད་ནམས་ཚེ་རིང་གིས་བསྒྱུར།