མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་དབུས་ཤར་ས་ཁུལ་ནས་ཕན་ཚུན་འཁོན་ལན་སློག་པའི་འཛད་མཐའ་མེད་པའི་བྱ་སྤྱོད་དེ་མཇུག་སྒྲིལ་དགོས་པའི་འབོད་སྐུལ་བཏང་།
2024.04.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་བཅུ་དགུ་ཉིན་ཁོའི་མགྲིན་ཚབ་པ་ཏིས་ཡཱ་ལི་ཁི་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། དབུས་ཤར་ས་ཁུལ་གྱི་ཉེན་ཁ་ཆེ་བའི་སྒོ་ནས་ཕན་ཚུན་འཁོན་ལན་སློག་པའི་འཛད་མཐའ་མེད་པའི་བྱ་སྤྱོད་དེ་མྱུར་དུ་མཇུག་སྒྲིལ་དགོས་པའི་འབོད་སྐུལ་བཏང་།

གསལ་སྒྲོག་ལས་ད་རུང་བཤད་རྒྱུར། ཀུའུ་ཐི་ལོས་སི་ཡིས་འཁོན་ལན་སློག་པའི་བྱ་སྤྱོད་གང་རུང་ལ་རྒོལ་གཏམ་གཏོང་བཞིན་ཡོད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་དུ་འབད་བརྩོན་བྱས་ནས། དབུས་ཤར་ས་ཁུལ་ཧྲིལ་བོ་དང་སྔར་ལས་ཆེ་བའི་ཁྱབ་ཁོངས་ཀྱི་གསོད་རྨས་རང་བཞིན་གྱི་མཇུག་འབྲས་བཟོ་སྲིད་པའི་གནས་བབ་འཕེལ་རྒྱས་ལ་བཀག་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།

ཨ་མེ་རི་ཁའི་རྒྱང་སྒྲོག་ཀུང་ཟིས་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱིས་ཚེས་བཅུ་དགུ་ཉིན་གྱི་ཞོགས་པར་དབྱི་ལིང་གི་མངའ་ཁོངས་སུ་འཇབ་རྒོལ་བྱས་ཟེར། དབྱི་ལིང་སྨྱན་བྱད་ཀྱིས་ཀྱང་ཉིན་དེར་བསྒྲགས་པ་ལྟར་ན། དབྱི་ལིང་དབུས་ཕྱོགས་ཀྱི་དབྱི་སི་ཧྥ་ཧན་ཞིང་ཆེན་བྱང་ཤར་ཕྱོགས་ཀྱི་ས་ཁུལ་ནས་འགས་གཏོར་དོན་རྐྱེན་བྱུང་བ་དང་། རྒྱལ་ཁབ་དེས་མཁའ་སྲུང་དམག་དཔུང་གིས་འཕུར་སྐྱོད་གནམ་གྲུ་རེ་འགའ་སར་འཕངས་བས་རེད་ཟེར། མིག་སྔའི་བར་དུ་དབྱི་སི་རལ་དཔོན་ཕྱོགས་ཀྱིས་དབྱི་ལིང་དུ་འཇབ་རྒོལ་བྱས་པ་བདེན་དཔང་བྱས་མེད།


བསོད་ནམས་ཚེ་རིང་གིས་བསྒྱུར།