ཀཱ་ཕིན་གྱི་ཕྱི་འབྲེལ་བློན་ཆེན་གྱིས་ཀྲུང་གོའི་བར་གྱི་མཉམ་ལས་མཉམ་རྒྱལ་ལས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཡོད་པའི་ཚུལ་བསྟན།
2024.04.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཀཱ་ཕིན་བར་བརྒལ་སྲིད་གཞུང་གི་ཕྱི་འབྲེལ་བློན་ཆེན་ཨོ་ནན་ཅཱ་ཡིས་ཚེས་བཅུ་དགུ་ཉིན་རྒྱལ་ས་ལེ་པའོ་ཝེ་ཨར་ནས་བསྟན་དོན། ཀཱ་ཕིན་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་པའི་ཚུན་ལ་ཁྱབ་ཁོངས་སོ་སོར་མཉམ་ལས་མཉམ་རྒྱལ་བྱས་པ་དང་། གཡུར་དུ་ཟ་བའི་མཉམ་ལས་གྲུབ་འབྲས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཡོད་ཟེར།

ཨོ་ནན་ཅཱ་ཡིས་ཉིན་དེར་སྤེལ་བའི་ཀྲུང་གོ་དང་ཀཱ་ཕིན་བར་འབྲེལ་བ་བཙུགས་ནས་ལོ་ངོ་ལྔ་བཅུ་འགོར་བའི་དཔྱད་གླེང་ཚོགས་འདུའི་སྟེང་གོང་གི་སྐད་ཆ་དེ་བཤད་པ་རེད། ཀཱ་ཕིན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གི་གནས་སྐབས་ཚབ་སྒྲུབ་པ་ཀྲུའུ་ཞའོ་ལི་དང་། ཀཱ་ཕིན་བར་བརྒལ་སྲིད་གཞུང་གི་གསར་འགྱུར་དང་སྨྱན་བྱད་པུའུ་ཀྲང་ཨིན་ཏུང་། ཆུ་དང་ནགས་ཚལ་པུའུ་ཀྲང་ཨིན་ཐའོ་ཞུའུ། དེ་མིན་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་དང་དཔལ་འབྱོར་ལས་རིགས། སྨྱན་བྱད། རིག་མཛོད། མཛའ་མཐུན་ཚོགས་པའི་འཐུས་མི་སོགས་མི་བརྒྱ་དང་ལྔ་བཅུ་ལྷག་ཚོགས་འདུར་ཞུགས།

ཨོ་ནན་ཅཱ་ཡིས་བཤད་རྒྱུར། ཕན་ཚུན་བར་འབྲེལ་བ་བཙུགས་པའི་ཚུན་ལ། ཀཱ་ཕིན་དང་ཀྲུང་གོའི་ཁྱབ་ཁོངས་སོ་སོའི་མཉམ་ལས་ནང་དོན་ཕུན་སུམ་ཚོགས་ཤིང་གསོན་ཤུགས་རྒྱས་ཡོད་ལ། གྲུབ་འབྲས་བཟང་བོ་ཐོབ་ཡོད། ཉིས་སྟོང་ཉེར་གསུམ་ལོར་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ཀཱ་ཕིན་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་མཉམ་ལས་གྲོགས་པོའི་འབྲེལ་བ་དེ་ཕྱོགས་ཡོངས་ནས་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བར་མཐོར་འདེགས་བྱེད་རྒྱུ་ཐག་བཅད། དོན་དངོས་ལས་ར་སྤྲོད་བྱུང་བ་ལྟར་ན། ཀཱ་ཕིན་དང་ཀྲུང་གོའི་མཉམ་ལས་མཉམ་རྒྱལ་ལས་ཟོལ་མེད་ཀྱིས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཡོད་ཟེར། ཐེངས་འདིའི་དཔྱད་གླེང་ཚོགས་འདུས་རྒྱལ་ཁབ་གཉིས་ཀྱི་ལས་རིགས་སོ་སོའི་མི་སྣས་འདས་པའི་ལོ་ངོ་ལྔ་བཅུའི་མཛའ་མཐུན་མཉམ་ལས་གྲུབ་འབྲས་ལ་ཕྱིར་དྲན་བྱེད་པ་དང་། ཉམས་མྱོང་བཟང་བོ་སྤྱི་བསྡོམས་བྱེད་པའི་སྟེགས་བུ་འདོན་སྤྲོད་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་བློ་སྣ་གཅིག་བསྡུས་བྱས་ཡོད་ཟེར།

ཀྲུའུ་ཞའོ་ལི་ཡིས་ཞུ་ཚིག་ཕུལ་ཏེ་བཤད་རྒྱུར། ཀྲུང་གོ་དང་ཀཱ་ཕིན་གྱི་སྲོལ་རྒྱུན་མཛའ་བརྩེ་དེ་རྒྱལ་ཁབ་་གཉིས་ཀྱི་རིམ་བྱུང་མགོ་ཁྲིད་པས་གསར་བསྐྲུན་བྱས་པ་ཡིན་ཞིང་། ཕན་ཚུན་གྱི་ཁེ་ཕན་གཙོ་བོ་དང་སེམས་ཁུར་ཆེན་པོ་བྱེད་པའི་གནད་དོན་ཐད་ནས་ཕན་ཚུན་རྒྱབ་སྐྱོར་བྱེད་བཞིན་ཡོད། ཀྲུང་གོ་དང་ཀཱ་ཕིན་གྱི་དཔལ་འབྱོར་ལ་ཁ་གསབ་རང་བཞིན་དྲག་པོ་ལྡན་པ་དང་། ཀྲུང་གོ་ནི་ཉིས་སྟོང་བཅུ་གསུམ་ལོ་ནས་བཟུང་བསྟུད་མར་ལོ་ངོ་བཅུ་གཅིག་ལ་ཀཱ་ཕིན་གྱི་ཆེས་ཆེ་བའི་ཉོ་ཚོང་གྲོགས་པོར་གྱུར་ཡོད། ཀྲུང་གོའི་ཁེ་ལས་མང་བོས་ཀཱ་ཕིན་གྱི་ཁྱབ་ཁོངས་མང་བོར་དངུལ་གཏོང་ལས་སྤེལ་བྱས་པ་དང་ལས་ཞུགས་ལས་གནས་གསར་བསྐྲུན་བྱས་ཏེ། ཕན་ནུས་ལྡན་པའི་སྒོ་ནས་ས་དེའི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་ཡོད། ཀྲུང་གོ་དང་ཀཱ་ཕིན་གྱི་མི་གཞུང་བརྗེ་རེས་གཏིང་ཟབ་ཏུ་སྤེལ་བ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་ཕན་ཚུན་རྒྱུས་ལོན་ཇེ་དྲག་ཏུ་བཏང་སྟེ། ཀཱ་ཕིན་གྱི་ན་གཞོན་དག་ལ་ནུས་པ་ལྡན་པར་བྱེད་པ་དང་གོ་སྐབས་གསར་བསྐྲུན་བྱས་ཡོད་ཟེར།

ཀྲུང་གོ་དང་ཀཱ་ཕིན་བར་འབྲེལ་བ་བཙུགས་ནས་ལོ་ངོ་ལྔ་བཅུ་འགོར་བའི་དཔྱད་གླེང་ཚོགས་འདུ་དེ་ཀཱ་ཕིན་ཕྱི་འབྲེལ་པུའུ་དང་ཀཱ་ཕིན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་མཉམ་འབྲེལ་གྱིས་སྤེལ་བ་ཡིན་ལ། བརྗོད་སྙིང་ནི་ཀྲུང་གོ་དང་ཀཱ་ཕིན་གྱི་ཕྱོགས་ཡོངས་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་སྟེ་གོ་སྐབས་དང་མདུན་ལྗོངས་བྱས་པ་དེ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།