ཝུའུ་ཁི་ལན་དམག་ཕྱོགས་ཀྱིས་ཨུ་རུ་སིའི་འཐབ་ཇུས་འགས་གཏོར་གནམ་གྲུ་ཞིག་སར་འཕངས་པའི་ཚུལ་བསྟན།
2024.04.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཝུའུ་ཁི་ལན་རྒྱལ་སྲུང་པུའུ་གསང་འཕྲིན་སྤྱི་ཁྱབ་ཅུའུ་ཡིས་ཚེས་བཅུ་དགུ་ཉིན་དྲ་ཐོག་ཏུ་བརྙན་རིས་དང་གསལ་སྒྲོག་སྤེལ་ནས། ཉིན་དེའི་ཞོགས་པར་ཅུའུ་དེ་དང་ཝུའུ་ཁི་ལན་གྱི་མཁའ་དམག་གིས་མཉམ་ལས་བྱས་ཏེ་ཨུ་རུ་སིའི་ཐུའུ-22M3རྟགས་ཅན་གྱི་རྒྱང་འཕུར་འཐབ་ཇུས་འགས་གཏོར་གནམ་གྲུ་ཞིག་སར་འཕངས་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཨུ་རུ་སིའི་མངའ་ཁོངས་ནས་ཝུའུ་ཁི་ལན་ལ་འཕུར་མདའ་གཏོང་འཕེན་བྱེད་བཞིན་པའི་འགས་གཏོར་གནམ་གྲུ་དེར་མདའ་ཕོག་རྗེས་ཨུ་རུ་སིའི་ལྷོ་ཕྱོགས་ཀྱི་སི་ཐཱ་ཧྥུའུ་ལོ་པའོ་ཨར་མཐའ་མཚམས་ས་ཁུལ་དུ་འཕུར་ནས་སར་ལྷུང་བ་རེད་ཟེར།

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡི་སྤྱི་སྒྲོག་ལས་བཤད་རྒྱུར། ཨུ་རུ་སིའི་མཁའ་དམག་གི་ཐུའུ-22M3རྟགས་ཅན་གྱི་འགས་གཏོར་གནམ་གྲུ་ཞིག་གིས་ཚེས་བཅུ་དགུ་ཉིན་ལས་འགན་ཡོངས་འགྲུབ་བྱས་རྗེས་ཕྱིར་རྟེན་གཞིར་ལོག་པའི་ལམ་བར་ནས་སི་ཐཱ་ཧྥུའུ་ལོ་པའོ་ཨར་མཐའ་མཚམས་ས་ཁུལ་ནས་སར་ལྷུང་བ་དང་། གནམ་གྲུའི་སྟེང་གི་མི་གཉིས་བསྐྱབས་ཡོད་ལ། གཞན་ཡང་མི་གཅིག་རྐྱེན་ལམ་དུ་ཤོར་བ་དང་མི་གཅིག་གར་སོང་རྙེད་མེད། གནམ་གྲུ་དེ་སར་ལྷུང་བའི་རྒྱུ་རྐྱེན་ནི་བརྡར་གཅོད་རགས་ཙམ་བྱས་པ་ལྟར་ན་ལག་རྩལ་གྱི་སྐྱོན་བྱུང་བས་རེད་ཟེར།

ཨུ་རུ་སིའི་ཕྱོགས་ཀྱིས་ཝུའུ་ཁི་ལན་གྱི་བཤད་ཚུལ་དེར་མིག་སྔར་ད་རུང་ལན་ཅི་ཡང་བྱིན་མེད།


བསོད་ནམས་ཚེ་རིང་གིས་བསྒྱུར།