དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་གྱིས་སར་འཕངས་པའི་འཕུར་སྐྱོད་གནམ་གྲུས་གྱོང་གུད་དང་མི་སྣར་ཤི་རྨས་གང་ཡང་བཟོས་མེད་པའི་ཚུལ་བསྟན།
2024.04.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཨ་པུའུ་ཏུའུ་ལཱ་ཞེ་དབྱང་གིས་ཚེས་བཅུ་དགུ་ཉིན་བཤད་རྒྱུར། དབྱི་ལིང་མཁའ་སྲུང་དམག་དཔུང་གིས་ཉིན་དེའི་ཞོགས་པར་དབུས་ཕྱོགས་ཀྱི་དབྱི་སི་ཧྥ་ཧན་ཞིང་ཆེན་ནས་འཕུར་སྐྱོད་གནམ་གྲུ་ཆུང་བ་ཞིག་སར་འཕངས་པ་དང་། དེ་ལས་དཔལ་འབྱོར་གྱི་གྱོང་གུད་དང་མི་སྣར་ཤི་རྨས་ཅི་ཡང་བཟོས་མེད་ཟེར།

དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཨ་པུའུ་ཏུའུ་ལཱ་ཞེ་དབྱང་གིས་ཨ་མེ་རི་ཁའི་ཉིག་ཡོ་ནས་དབྱི་སི་ལན་མཉམ་ལས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་མཉམ་འབྲེལ་རྒྱལ་ཚོགས་སུ་སྡོད་པའི་གཞུང་ཚབ་པར་ཐུག་འཕྲད་བྱེད་སྐབས་གོང་གི་སྐད་ཆ་དེ་བཤད་པ་རེད།

དབྱི་ལིང་མེད་ཧི་ཨར་འཕྲིན་གཏོང་ཁང་གིས་ཚེས་བཅུ་དགུ་ཉིན་བསྒྲགས་པ་ལྟར་ན། འཕུར་སྐྱོད་གནམ་གྲུ་ཆུང་བ་གསུམ་ཉིན་དེའི་ཞོགས་པའི་དུས་ཚོད་བཞི་ཡས་མས་སུ་དབྱི་སི་ཧྥ་ཧན་ཞིང་ཆེན་གྱི་བར་སྣང་ནས་མཐོང་བ་དང་། དེའི་རྗེས་སུ་དབྱི་ལིང་མཁའ་སྲུང་མ་ལག་གིས་དེ་སར་འཕངས་པ་རེད་ཟེར།

ཨ་མེ་རི་ཁའི་རྒྱང་སྒྲོག་ཀུང་ཟིས་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱིས་ཚེས་བཅུ་དགུ་ཉིན་གྱི་ཞོགས་པར་དབྱི་ལིང་གི་མངའ་ཁོངས་སུ་འཇབ་རྒོལ་བྱས་ཟེར། དབྱི་ལིང་སྨྱན་བྱད་ཀྱིས་ཀྱང་ཉིན་དེར་བསྒྲགས་པ་ལྟར་ན། དབྱི་ལིང་དབུས་ཕྱོགས་ཀྱི་དབྱི་སི་ཧྥ་ཧན་ཞིང་ཆེན་བྱང་ཤར་ཕྱོགས་ཀྱི་ས་ཁུལ་ནས་འགས་གཏོར་དོན་རྐྱེན་བྱུང་བ་དང་། རྒྱལ་ཁབ་དེས་མཁའ་སྲུང་དམག་དཔུང་གིས་འཕུར་སྐྱོད་གནམ་གྲུ་རེ་འགའ་སར་འཕངས་བས་རེད་ཟེར། མིག་སྔའི་བར་དུ་དབྱི་སི་རལ་དཔོན་ཕྱོགས་ཀྱིས་དབྱི་ལིང་དུ་འཇབ་རྒོལ་བྱས་པ་བདེན་དཔང་བྱས་མེད།


བསོད་ནམས་ཚེ་རིང་གིས་བསྒྱུར།