ཉིན་འགའི་སྔོན་ལ། ཀྲུང་གོ་དང་དབྱིན་ཇིའི་དབུས་རྒྱུད་མཉམ་ལས་གླེང་སྟེགས་དབྱིན་ཇིའི་དབུས་རྒྱུད་གྲོང་ཁྱེར་ཁའོ་ཝུན་ཁྲོས་རུ་འཚོགས། ཐེངས་འདིའི་གླེང་སྟེགས་འདི་ནི་དབྱིན་ཇིར་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་དང་དབྱིན་ཇིའི་ཀྲུང་གོའི་ཚོང་ཚོགས། དབྱིན་ཇི་དང་ཀྲུང་གོའི་ཚོང་དོན་མཐུན་ཚོགས་བཅས་ཀྱིས་མཉམ་དུ་གཉེར་བ་ཞིག་ཡིན་པ་དང་། ཀྲུང་དབྱིན་ཕྱོགས་གཉིས་ཀའི་ཁེ་ལས་ཀྱི་འཐུས་མི་20ལྷག་གིས། རྒྱལ་ཁབ་གཉིས་ཀའི་ཁེ་ལས་མཉམ་ལས་ཟབ་སྤེལ་གཏོང་དགོས་པའི་ཐད་ནས་གྲོས་བསྡུར་བྱས།
དབྱིན་ཇིར་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་བ་ཀྲིན་ཙི་ཀོང་གིས་གླེང་སྟེགས་སྟེང་དུ། ཀྲུང་དབྱིན་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་ངོ་བོ་ནི་གཉིས་ཕན་གཉིས་རྒྱལ་ཡིན་པ་དང་། དབྱིན་ཇིའི་དབུས་རྒྱུད་ས་ཁུལ་དང་ཀྲུང་གོའི་བར་གཉིས་ཕན་མཉམ་ལས་རྒྱ་སྐྱེད་གཏོང་བའི་སྦས་ཤུགས་ཧ་ཅང་ཆེན་པོ་ཡོད་པས། ཕྱོགས་གཉིས་ཀའི་བཟོ་ཚོང་ལས་རིགས་ཀྱིས་གོ་སྐབས་དམ་འཛིན་བྱས་ནས་དེ་བསྟུན་གྱི་བྱ་སྤྱོད་གང་ལེགས་སྤེལ་རྒྱུའི་རེ་བ་ཡོད། ཀྲུང་གོས་དབྱིན་ཇིའི་ཁེ་ལས་ཀྲུང་གོ་རུ་ཡོང་ནས་མ་དངུལ་གཏོང་བ་དང་ལས་དོན་གཉེར་ཏེ། ཀྲུང་གོའི་ཁྲོམ་རར་སྤུས་ལེགས་ཐོན་རྫས་དང་ཞབས་ཞུ་ལེགས་པོ་མུ་མཐུད་མཁོ་འདོན་བྱ་རྒྱུར་དགའ་བསུ་ཞུ་བཞིན་ཡོད་ཅེས་བསྟན།
དབྱིན་ཇི་དང་ཀྲུང་གོའི་ཚོང་དོན་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཀུའུ་ཕེ་ཆིན་གྱིས་ཤིས་ཚིག་ཕུལ་ནས་བཤད་རྒྱུར། དབྱིན་ཇི་དང་ཀྲུང་གོ་ཕྱོགས་གཉིས་ཀའི་ཚོང་དོན་དང་དངུལ་གཏོང་གིས་རྒྱལ་ཁབ་གཉིས་ཀའི་ཁེ་ལས་ལ་འཕེལ་རྒྱས་ཀྱི་གོ་སྐབས་ཆེན་པོ་བྱིན་ཡོད་ལ། ཁའོ་ཝུན་ཁྲོས་གྲོང་ཁྱེར་གྱིས་དབྱིན་ཇི་དང་ཀྲུང་གོའི་ཚོང་དོན་མཉམ་ལས་ཁྲོད་ནུས་པ་གལ་ཆེན་འདོན་ངེས་ཡིན། ད་ལོའི་ཟླ5པར་ངས་དབྱིན་ཇིའི་མཐོ་རིམ་འཐུས་ཚབ་ཚོགས་པའི་སྣེ་ཁྲིད་དེ་ཀྲུང་གོར་འཚམས་འདྲིར་ཡོང་རྩིས་ཡོད་པས། རྒྱལ་ཁབ་གཉིས་ཀའི་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་བསྟན།
ཉེ་བའི་ལོ་འདི་དག་གི་རིང་ལ། དབྱིན་ཇིའི་དབུས་རྒྱུད་ས་ཁུལ་དེ་དབྱིན་ཇི་དང་ཀྲུང་གོའི་དངུལ་གཏོང་ཁེ་ལས་ཀྱི་འདུ་འཛོམས་བྱ་ཡུལ་གལ་ཆེན་ཞིག་ཏུ་གྱུར་ཡོད། ཤིས་སྨི་ཏེ་ལན་ཙི་ཅུན་གྱི་གྲོང་ཁྱེར་གཙོ་བོ་དང་དབྱིན་ཇིའི་དབུས་རྒྱུད་ཀྱི་ཚོང་ལས་ལྟེ་གནས་གལ་ཆེན་ཞིག་ཡིན་པའི་ཁའོ་ཝུན་ཁྲོས་གྲོང་ཁྱེར་ལ་བཟོ་ལས་ཀྱི་རྨང་གཞི་ལེགས་པོ་ཡོད་པ་དང་། རླངས་འཁོར་དང་ཇུས་འགོད། དག་གཙང་འགྲིམ་འགྲུལ་སོགས་ཁྱབ་ཁོངས་སུ་ཚོང་ལས་ཀྱི་གོ་སྐབས་འབོར་ཆེན་ལྡན་ཡོད།
བན་དེ་སྐྱབས་ཀྱིས་བསྒྱུར།